ཨ་ཡེ་བསམ་སྒྲོན་གྱི་འགྱོད་གདུང་།

རྩོམ་པ་པོ།   ཁང་གསར་ཚེ་དབང་རིག་འཛིན།དུས་ཚོད།   2018-01-10རྩོམ་ཁུངས།   

              ༡

                  ལོ་དེ་ནི་བསམ་སྒྲོན་གནས་ལ་སོང་བའི་ལོ་ཐོག་མ་ཡིན་ལ། སྡེ་བ་སྟོད་སྨད་ཀྱི་གསར་བུ་ཤ་དར་ཁྲག་དར་མང་པོ་ཞིག་གིས་ཁ་ཆུ་ཤོར་ཞིང་། མོར་སྐད་ཆ་ཚིག་གཅིག་གམ་ཡང་ན་ཐག་ཉེར་བཅར་ནས་བལྟ་ཙམ་བྱེད་པའི་གོ་སྐབས་ཙམ་ཡང་ཨེ་འཐོབ་བལྟ་བའི་མཛེས་མ་བསམ་སྒྲོན་གསར་བུ་གཅིག་ལ་དབང་སོང་བའི་ལོའང་རེད། དེ་བཞིན་དུ་མིག་གིས་སྐད་ཆ་བཤད་ཅིང་མཆུ་ཡིས་སྙིང་ལ་གཙག་པ། གཟུགས་ཀྱིས་སེམས་པ་སྦྲིད་པའི་མཛེས་མ་དེ་ཉིད་ཆུང་མར་ཐོབ་ན་ཅི་མ་རུང་སྙམ་མཁན་ཚོའི་མཛེས་སྡུག་གི་རྨི་ལམ་གྱི་རྒྱུན་ཆད་པའི་ལོའང་རེད།

               མོ་རང་གནས་ལ་འགྲོ་ཡུལ་ནི་ཁོ་ཚོའི་སྡེ་བ་དང་ཐག་ཅུང་རིང་བའི་སྡེ་བ་གཞན་ཞིག་སྟེ། མོའི་ཨ་ཕའི་མནའ་ཡ་ཚང་རེད། མོའི་ཨ་ཕ་དང་མནའ་ཡ་དེ་གཉིས་ལ་འདང་ཆེ་བས་མོ་རང་ཆུང་དུས་ནས་མནའ་ཡ་དེ་ཁོ་ཚང་ལ་འོང་ནས་ཞག་སྡོད་བྱེད་པ་དང་། ཡང་མཚམས་རེར་ཨ་ཕ་དེ་བ་ཚང་ལ་སོང་ནས་ཉིན་ཁ་ཤས་སྡོད་པ། ཁོ་གཉིས་འགྲོགས་ནས་ཚོང་ཙག་ཙིག་བྱེད་པའམ་རི་དྭགས་རྔོན་དུ་འགྲོ་སྲིད། བསམ་སྒྲོན་གྱིས་ཨ་ཕའི་མནའ་ཡ་ཤེས་པར་མ་ཟད། དེ་བ་ཚང་ལ་བཟའ་ཚང་ཅི་ཡོད་དང་། བུ་དང་བུ་མོ་དུ་ཡོད། བྱིས་པ་ཚོའི་གཤིས་ཀ་ག་འདྲ་ཡིན་པ་སོགས་ཀྱང་ཁོ་གཉིས་ཀྱི་ཁ་བརྡ་ལས་ཕལ་ཆེར་ཤེས། དེ་བས་བསམ་སྒྲོན་གྱི་བྱིས་དུས་སུ་ཨ་ཕའི་མནའ་ཡ་ཡིས་སྐད་ཆ་འདི་འདྲ་གླེང་ཡོད་དེ། “ ཁྱེད་ཚང་གི་བུ་མོ་ཆེ་བ་དང་ངེད་ཚང་གི་བུ་ཆེ་བ་གཉིས་ཀྱིས་གཉེན་བསྒྲིག་ན་ག་འདྲ་འདུག ”“ བྱིས་པ་གཉིས་ན་ཟླའང་ཡིན་པས་ཧ་ཅང་འཚམ་པོ་རེད་འདོད ”“ དངོས་གནས་བཤད་ན་ཁྱེད་ཚང་གི་བུ་མོ་འདི་ལག་ཆགས་ཚེ་མཛེས་མ་ཡིད་དུ་འོང་བ་ཞིག་ཡིན་ཁོ་ཐག་རེད། ངེད་ཚང་གི་བུའི་གསར་ཉམས་ཀྱིས་ཁྱེད་ཚང་གི་བུ་མོ་ལ་དོ་དཀའ་རྒྱུ་རེད། ཧ་ཧ ” ཨ་ཕའི་མནའ་ཡའི་སྐད་ཆ་དེ་དག་ནི་མ་འོངས་སྔོན་དཔོག་གི་ལུང་བསྟན་ལྟར།བསམ་སྒྲོན་གྱི་མི་ཚེའི་ལས་དབང་ལ་འཕྲད་སོང་། ལོ་དེར་མོ་རང་ཨ་ཕའི་མནའ་ཡ་ཚང་གི་སྲུ་མོར་གྱུར་སོང་། སྦྲ་སར་གྲུ་བཞིའི་ཆོན་ཐག་བརྐྱངས་ཤིང་། རྟ་ནོར་ལུག་གསུམ་གྱིས་མཐའ་འཁོར་བརྒྱན་པའི་བསམ་གཏན་ཚང་ཞེས་པའི་ཁྱིམ་ཚང་གཞན་གྱིས་ཡིད་སྨོན་འཆོར་ས་ཞིག་ཏུ་གྱུར། ལྷག་པར་དུ་བསམ་སྒྲོན་གྱི་མི་སེམས་འཕྲོག་པའི་མཛེས་སྡུག་གི་སྐྱེ་གཟུགས་དང་ཟོར་ཡངས་པའི་སྒོ་ཕྱི་ནང་གི་ལག་ལས་ཀར་སྡེ་མི་ཚོས་ཡིད་སྨོན་དང་ཕྲག་དོག་བྱེད།

              དབྱར་གསུམ་དུ་ལྷ་ལུང་སུམ་མདོ་དང་། སྟོན་གསུམ་དུ་ན་རིང་ལུང་ཕུག དགུན་གསུམ་དུ་བརྒྱ་དར་ལུང་བ། དཔྱིད་གསུམ་དུ་གཡུ་རྩེའི་རི་འདབས་སོགས་སུ་མཚེར་ས་སྤར་ཏེ་ལོ་ཡི་འཁོར་མོ་མང་པོ་ཡུན་གྱིས་འདས་ཤིང་། ལས་ལ་བརྩོན་པའི་བཟའ་ཟླ་ཟུང་གི་ལག་ལས་ཀ་ལས་རྟ་ནོར་ལུག་གསུམ་གྱི་འཕེལ་ཁ་གཞན་ལས་རྒྱས་ཏེ་སྡེ་བའི་ནང་གི་ཕྱུག་པོར་ཆགས། གཉེན་སྒྲིག་བྱས་པའི་ལོ་གཉིས་པར་བུ་ཕྲུག་ཐོག་མ་སྐྱེས་པ་ནས་ལོ་གཉིས་རེའི་མཚམས་ནས་བུ་ཕྲུག་རེ་སྐྱེས་ཏེ། མཐར་བྱིས་པ་ཆེ་ཆུང་ལྔ་ཅན་གྱི་ཁྱིམ་ཚང་ཞིག་ཏུ་གྱུར། དེའི་ཕྱིར་དཔྱིད་གསུམ་དུ་ཁོ་ཚང་གི་ཁྱི་མོ་དམར་མོའི་ཁྱི་ཕྲུག་བཞིན་བྱིས་པ་ཚོ་ནི་སྒོ་ཕྱི་ནང་དུ་ཐ་ར་ར་བྱེད་ལ། སྦྲའི་ཐག་ཉེ་ས་ཡོངས་རྫོགས་ཁྱི་ཕྲུག་ཚོའི་སྐྱག་པས་སྦགས་ཏེ་ནག་ཐ་རེར་གྱུར་ཡོད།

             ཁྱི་མོ་དམར་མོ་གཟུགས་ཆེ་ཞིང་ཧ་ཅང་བཙན་ལ་ཁྱི་རྒྱུད་གྲགས་ཆེན་ཞིག་ཡིན་པས་བསམ་གཏན་གྱིས་ལུག་གཉིས་སྦྱིན་ནས་སྡེ་བ་གོང་མ་ནས་ཉོས་འོང་བ་རེད། ཁྱི་མོ་དམར་མོ་སྤྱང་ཁྱིར་གྲགས་ཆེ་བས་ལོ་རེ་རེའི་ཁྱི་ཕྲུག་དག་ལག་ཅུང་ཆགས་ཚེ་སྡེ་མི་དག་གིས་ཁྱི་ཕྲུག་བསླངས་ཏེ་ཁྱེར་འགྲོ། ཡིན་ནའང་ལོ་རེའི་དཔྱིད་ཀ་རེ་རེར་ཁྱི་མོ་དམར་མོ་ནི་ཕྲུ་གུའི་མཛོད་ཅིག་ལྟར་ཁྱི་ཕྲུག་བཞི་ལྔ་རེ་སྐྱེ་ཞིང་། བྱིས་པ་ཚོས་ཁྱི་ཕྲུག་ལ་ཧ་ཅང་དགའ་བོ་བྱེད། “ ཁྱི་ཕྲུག་དམར་རིལ་ངའི་ཡིན ”“ ཁྱི་ཕྲུག་རྒྱ་མིག་ངའི་ཡིན ”“ ཁྱི་ཕྲུག་ནག་རིལ་ངའི་ཡིན ” ཞེས་བྱིས་པ་ཚོས་འཕྲོག་རྩོད་བྱེད་ལ། ཁྱི་ཕྲུག་པང་ནས་འོ་བྱེད་པ་དང་། རང་གི་དཀར་ཡོལ་ནང་གི་ཟས་ཁྱི་ཕྲུག་ལ་ལྡག་ཏུ་འཇུག་པ། ཐ་ན་མཚམས་རེར་མཚན་མོར་ཁྱི་ཕྲུག་རུམ་ནས་ཉལ་རྒྱུ་ལའང་དགའ། མཚམས་རེར་ཁྱི་ཕྲུག་གིས་མལ་སའི་ནང་དུ་གཅིན་གཏོང་བའི་གནས་ཚུལ་ཡང་ཡོད་མོད་ཁོ་ཚོས་ཕྱི་ཉིན་གྱོན་པ་ཉི་མར་སྐེམ་དུ་འཇུག་པ་ལས་བཙོག་སྣང་མི་སྐྱེ། བྱིས་པ་ཚོའི་ཨ་ཕས “ ཁྱི་ཕྲུག་ཚོར་འོ་མ་བྱེད། བཙོག་པ་ལ་ཨང་། ཁྱིས་མི་ཡི་སྐྱག་པ་ཟ་བ་རེད ” ཅེས་ངོ་གནག་ཏེ་བྱིས་པ་ཚོར་འཇིགས་སྣང་ངམ་བཙོག་སྣང་རེ་སློང་མོད། ཁོ་ཚོས་ཨ་ཕའི་མི་རིག་ས་དང་མི་ཤེས་ས་ནས་ཁྱི་ཕྲུག་ལ་འབྲེལ་བ་ཟབ་མོ་བྱེད། བསམ་སྒྲོན་ནི་དེ་ལས་ལྡོག་སྟེ་ཁྱི་ལ་དགའ་བོ་བྱེད་མཁན་ཞིག་ཡིན། མོས “ གསོན་མི་ལུས་ལེན་ཁར་ཁྱི་ལུས་ལེན།ཤི་དམྱལ་བར་འགྲོ་ཁར་དཔོན་ལུས་ལེན། ཞེས་ཟེར་བ་མིན་ནམ། ཁྱི་འདི་ཚོ་སྙིང་རྗེ་མི་ལུས་ཤིག་ལེན་ལ་ཁད་ཡིན་དུས་དུད་འགྲོའི་ལུས་བླངས་པ་ཡིན་ངེས་ལ།དེའི་ནང་ནས་ཀྱང་ང་ཚོའི་ལག་ལ་ལྟ་མཁན་གྱི་ལུས་ཤིག་བླངས་པ་རེད ” ཅེས་བྱམས་བྱམས་བྱེད། དེའི་ཕྱོགས་ནས་བཟའ་ཟླ་གཉིས་ཀྱི་བར་མཚམས་རེར་ཁ་རྩོད་ཆུང་ཆུང་རེའང་ཤོར་འགྲོ་སྟེ། བསམ་གཏན་གྱིས “ ཁྱོད་ཀྱིས་ཁྱི་ལུས་ནི་མི་ལུས་ལེན་ཁར་བླངས་པ་ཡིན་པ་ཇི་ལྟར་ཤེས་པ་ཡིན ” ཞེས་པ་ན།བསམ་སྒྲོན་གྱིས “ གསོན་མི་ལུས་ལེན་ཁ་ཁྱི་ལུས་ལེན་ཟེར་སྲོལ་ཡོད་པ་མིན་ནམ། འོ་ན་ཁྱོད་ཀྱིས་མི་ལུས་ལེན་ཁ་མིན་པ་ཇི་ལྟར་ཤེས”ཞེས་ལྡོག་འདྲི་བྱེད། “ ཟེར་སྲོལ་དེ་སངས་རྒྱས་ཀྱི་གསུངས་བསླུ་བ་མེད་པ་ཡིན་ནམ ” ཞེས་ལབ་པ་ན། བསམ་སྒྲོན་གོམ་གང་ཕྱིར་ནུད་མི་བྱེད་པར། “ ཟེར་སྲོལ་དེ་སངས་རྒྱས་ཀྱི་གསུངས་བསླུ་མེད་མིན་པ་ཁྱོད་ཀྱིས་ཤེས་ན་ཤོད་དང ” ཞེས་ཡང་བསྐྱར་ལྡོག་འདྲི་འཕངས་པ་ན། དེ་དུས་བསམ་གཏན་ལ་རེ་ཞིག་ཅི་ཡང་ལབ་རྒྱུ་མེད་པར་གྱུར་འགྲོ། ཁྱི་མོ་དམར་མོ་དང་ཁྱི་རྒྱ་ནག་གཉིས་ཀྱིས་མཉམ་དུ་ཟུག་སྐད་བསྒྲགས། “ བྱིས་པ་ཚོ་ལྟོས་དང་འགྲུལ་བ་འོང་བཞིན་པ་མིན་ནམ ” ཞེས་སྦྲ་ནང་ནས་ཕྱི་ལ་བོས།བྱིས་པ་ཚོ་ཁྱི་ཕྲུག་དག་དང་མཉམ་དུ་ས་ལྡིང་གནམ་ལྡིང་གི་རྩེད་མོར་གཡེང་བས་ཁྱིམ་ནང་གི་ཨ་མའི་སྐད་མ་གོ བསམ་གཏན་བཟའ་ཟླ་གཉིས་གཅིག་རྗེས་གཉིས་མཐུད་ཀྱིས་སྒོར་བུད་དེ་སྒོ་ཁྱི་གཉིས་ཀྱི་ཟུག་ཕྱོགས་ལ་བལྟས་པ་ན། མར་ཕྱོགས་ཀྱི་སྒུར་ཐོག་ནས་སྐྱ་མི་ཞིག་ཁོ་ཚང་གཟས་ཏེ་འོང་གིན་འདུག

           “ ཡ་དཀའ་ཨེ་ཐལ ”“ མ་དཀའ་ཐལ ”“ བོབས་དང་བོབས་དང ”“ ཁྱི་གཉིས་མི་ཤོར་རམ ”“ མི་ཤོར། མི་ཤོར ”“ ཡ་རྒྱ་ནགདམར་མོ་ཁ་རོག ” ཅེས་བསམ་སྒྲོན་སྒོ་ཁྱི་གཉིས་ཀྱི་ཟུར་དུ་སོང་ནས་ཁྱི་བཀག བསམ་གཏན་གྱིས་འགྲུལ་བའི་རྟ་ཁ་བླངས་ནས་རྟ་བཏགས། འགྲུལ་བས་སྒོ་ཁྱི་གཉིས་ལ་བལྟ་ཞོར་མགྱོགས་མྱུར་གྱིས་སྦྲ་སྒོའི་ཕྱོགས་སུ་སོང་།ཞོར་དུ་བྱིས་པ་དང་ཁྱི་ཕྲུག་གིས་ཐ་ར་ར་བྱེད་པར་མིག་མདའ་ཞིག་འཕངས། བསམ་གཏན་གྱིས་གླང་ཆ་ལས་བྱང་སྟན་གྲུ་བཞི་ཞིག་བླངས་ནས་ཡ་ཁྱིམ་གྱི་གོ་ཁར་སྟན་ཞོར “ ཡ་སྡོད་དང་།སྡོད་དང་། མ་གྲང་ངམ ” ཞེས་ལབ། “ འོ་ཡ། མ་གྲང་། མ་གྲང་། ད་ལྟ་ནམ་ཟླ་ཇེ་ལྷོད་དུ་རབ་ཅིག་སོང་འདུག ” བསམ་སྒྲོན་གྱིས་མ་ཁྱིམ་ནས་འགྲུལ་བར་དཀར་ཡོལ་བཀྲུས་ནས་ཇ་ཁ་བྱས་ཏེ་སྒྱེད་པའི་སྟེང་ནས་ཕར་བསྲིངས་ཞོར “ ཇ་འཐུང་དང་”ཞེས་འཛུམ་དཀར་བསྟན། འགྲུལ་བ་དེ་ནི་སྔོན་ཆད་བསམ་སྒྲོན་མོ་གསར་ཡིན་དུས་སེམས་ཤོར་མཁན་གྱི་གྲས་ཤིག་ཡིན་ཞིང་། མོའི་ལག་ནས་ཇ་ལེན་ཞོར་གདོང་ལ་བལྟ་ཙམ་བྱས་ནས་སེམས་སུ “ མོ་རང་ད་ལྟ་བྱིས་པ་དེ་འདྲའི་མང་པོ་ཞིག་གི་ཨ་མར་གྱུར་ཡོད་ནའང་ད་དུང་སྔོན་གྱི་མཛེས་སྡུག་གི་ཤུལ་ལུས་འདུག མཛེས་མ་ལ་འདྲ་རྒྱུ་མི་འདུག་ཨང་སྙམ ” ཞོར་ཇ་འཐུང་།བསམ་གཏན་དང་ཁ་བརྡ་སྣ་ཚོགས་ལབ་ཞོར་མ་ཁྱིམ་ན་བྲེལ་གྱིན་པའི་བསམ་སྒྲོན་གྱི་གདོང་ལ་ཡང་ཡང་མིག་གི་མདའ་མོ་ཤོར།

            འགྲུལ་བས་ཁོ་ཚང་ལ་ཁྱི་ཕྲུག་གཉིས་བསླངས།འགྲོ་ཁར་ཁྱི་ཕྲུག་གཉིས་ཀ་རུམ་དུ་བཅུག་ནས་རྟ་ཞོན།ཁོས་བསམ་གཏན་བཟའ་ཟླ་གཉིས་ལ “ ཁ་དྲོ། ཁྱི་ཕྲུག་འདི་གཉིས་དངོས་གནས་གཅེས་པོ་འདུག ”བསམ་གཏན་གྱིས “ དེར་ཅི་སྐྱོན། ངེད་ཚང་ལ་ཡོད་པ་ནི་ཁྱི་ཕྲུག་དང་བྱིས་པ་རེད། ཧ་ཧ ”“ ཧ་ཧ”འགྲུལ་བས་ཡང་བསྐྱར་བསམ་སྒྲོན་གྱི་གདོང་ལ་བལྟས་ནས་བུད་སོང་། སྒོ་ཁྱི་གཉིས་ཀྱིས་འགྲུལ་བའི་རྗེས་སུ་ཟུག་སྐད་དྲག་པོ་འབྱིན་བཞིན་སྐོར་འཐེན་བྱེད། ལྷག་པར་དུ་ཁྱི་མོ་དམར་མོས་རང་གི་ཕྲུ་གུ་གཉིས་ཁྱེར་སོང་བ་མཐོང་བས་ཞེ་སྡང་དྲག་པོས་ས་ལ་སྡེར་མོ་བགྲད་ནས་འགྲུལ་བའི་རྗེས་སུ་འཐེན།བྱིས་པ་ཚོས་གདོང་གནག་ནས་སྡོད་པར་བྱེད། ནམརྒྱུན་དཔྱིད་དུས་སུ་ཁྱི་ཕྲུག་ཚོ་ལག་ཆགས་ཚེ་འགྲུལ་བ་མང་པོ་འོང་ནས་ཁྱི་ཕྲུག་རེ་རེ་བཞིན་རུམ་དུ་བཅུག་ནས་བུད་འགྲོ་ལ། དེ་དུས་བྱིས་པ་ཚོའི་སེམས་ཁམས་མི་སྐྱིད་པར་བཟོ་འགྲོ། འགྲུལ་བར་ཁྱི་ཕྲུག་གཉིས་ཐོབ་པས་དགའ་བ་དང་། ཆུང་དུས་ཀྱི་ཞེ་ཤོར་སའི་མཛེས་མའི་ལུས་ལ་ཞིབ་ལྟ་ཐུབ་པས་ཚོར་བ་མཚར་བོ་བསླངས་བ་སོགས་ཀྱིས་གླུ་ཆུང་ལེན་གྱིན་རྟ་ལ་ཡོབ་རྡེབ་བྱས་ནས་མྱུར་བར་སྒུར་དེའི་ཕག་ཏུ་ཡལ་སོང་།

            སྐད་ཅིག་ཀྱང་སྡོད་དུ་མེད་པའི་དུས་ཀྱི་འཁོར་བསྐྱོད་ཀྱིས། བསམ་གཏན་བཟའ་ཟླ་གཉིས་ཀྱི་གདོང་ལ་ལོ་ཟླའི་གཉེར་རིས་ཟབ་མོ་རེ་འཐེན་ཟིན་ལ། ཁྱི་མོ་དམར་མོའི་ཕྲུ་གུ་ཚོ་དང་མཉམ་དུ་ཐ་ར་ར་བྱེད་པའི་བུ་ཕྲུག་ཚོ་ནི་ལང་ཚོ་དར་ལ་བབས་པའི་གཞོན་ནུ་རེ་རེར་གྱུར་ཟིན། སྡེ་བའི་མི་ཚོས “ བསམ་གཏན་ཚང་གི་བྱིས་པ་ཚོ་བསམ་སྒྲོན་ལ་རིག་འདུག ”“ བསམ་གཏན་ཚང་གི་བུ་མོ་ཞིག་ངེད་ཚང་གི་སྲུ་མོར་ལོན་ན་ཇི་འདྲའི་ལེགས་ཨང ” ཞེས་གླེང་གིན་ཡོད་ལ།གསར་བུ་ཚོས “ ངས་བསམ་གཏན་ཚང་གི་བུ་མོ་བདེ་སྐྱིད་ལ་ཚིག་ཅིག་བཤད་ཡོད ” དང་།ངས “ བསམ་གཏན་ཚང་གི་བུ་མོ་སྒྲོལ་མར་དུས་ཆད་བཏབ་ཡོད ” སོགས་བདེན་པ་ཡིན་མིན་གྱི་ལབ་གང་མང་རྒྱག

           ལོ་དེ་དག་གི་སྐབས་འགའ་རེར་ཡུལ་ཚོ་གྲོང་རྡལ་དུ་སྡེ་བ་སོ་སོའི་ཁྱིམ་ཚང་རེའི་མི་གཅིག་རེ་ཅིས་ཀྱང་ཐོན་དགོས་ཞེས་བརྡ་བཏང་བ་ལྟར་ཚོགས་འདུ་འཚོགས། ཚོགས་འདུའི་སྟེང་དུ་ཏང་དང་རྒྱལ་ཁབ་ཀྱི་ཡིག་ཆ་མང་པོ་སྒྲོག་འདོན་བྱས་ཤིང་། དམངས་ཕན་གྱི་སྲིད་ཇུས་མང་པོ་བསྒྲགས། ལྷག་པར་དུ་ལྭ་རིང་དཀར་པོ་གྱོན་པའི་སྨན་པ་ཚོས། “ ད་ལྟ་ང་ཚོའི་ས་ཆར་ཐུམ་འབུའི་ནད་ཅེས་པའི་མཆིན་པའི་འགོས་ནད་ཚབས་ཆེན་ཞིག་འབྱུང་བཞིན་ཡོད་ལ། དེ་ནི་གཙོ་བོ་གཙང་སྦྲ་ཞན་པ་དང་། ཁྱི་ལ་བསྟེན་ནས་འགོས་པ་ཡིན་པས། འབྲོག་དམངས་དག་གིས་ཁྱི་ལྟོ་སྡུད་པ་དང་ཁྱི་ལ་འབྲེལ་འདྲེས་བྱེད་པའི་སྐབས་དག་ཏུ་གཙང་སྦྲར་ཧ་ཅང་གཟབ་དགོས་ཤིང་། ཁྱི་ལུད་ས་འོག་ཏུ་སྐུང་དགོས་པ་དང་། ཁྱི་ལ་འགོག་སྨན་ལྡུད་པ་དང་འགོག་ཁབ་རྒྱག་དགོས ”“ དཔེར་ན། ཁྱི་ལུད་དང་ཁྱི་གཅིན་གྱིས་ས་གང་སར་སྦགས་ཡོད་པ། ཐང་གི་འཇག་མ་དང་ཤིང་སོགས་གང་འདོད་དུ་ཁ་ནང་དུ་ལེན་མི་རུང་། བྱིས་པ་ཚོས་ཁྱི་ཕྲུག་ལ་འོ་བྱེད་པ། ཁྱི་ལ་དཀར་ཡོལ་ལྡག་ཏུ་འཇུག་མི་རུང་བ། ཁྱི་ལྟོ་བཟོ་བ་དང་སྡུད་པ་སོགས་ཀྱི་སྐབས་སུ་མཉམ་འཇོག་གང་ལེགས་བྱེད་དགོས། ལྷག་པར་དུ་ཁྱི་ལ་དཔྱིད་དུས་སྒོ་ཕྱུགས་ངན་པ་ཤི་བའི་ནང་ཁྲོལ་ཟ་རུ་འཇུག་མི་རུང་།ཐུམ་འབུའི་ནད་འབུ་ཕྲ་མོ་ནི་སྒོ་ཕྱུགས་ཀྱི་དོན་སྣོད་དུ་ཡོད་པས། དེ་ཁྱི་ཡིས་ཟོས་རྗེས་རིམ་བཞིན་ལག་ཆགས་ཤིང་ཁྱི་ལུད་ལས་མར་བཏང་བས་ས་ཆུ་སྦགས་པ་མིའི་ཁ་རུ་སོང་བ་ལས་འགོ་མཆེད་བྱེད་པ་རེད ” སོགས་མང་པོ་ཞིག་ལབ་སོང་། ཨ་ཡེ་བསམ་སྒྲོན་གྱིས་དེ་དག་གོ་བ་ན “ ཧོ་ཧོ་ཡ། མྱི་ལ་ཁབ་རྒྱག་ཞེས་པ་ཞིག་གོ་བ་ལས་ཁྱི་ལ་ཁབ་རྒྱག་ཟེར་བ་ཞིག་གོ་མ་མྱོང ”“ བྱི་ལས་རང་གི་ལུད་ས་རུ་སྦ་བ་ལས། གཞན་འཇིག་རྟེན་འདིར་ལུད་སྦ་མཁན་ཞིག་མེད་ལ། ཁྱི་སྐྱག་གིས་གང་སར་ཁྱབ་ཡོད་པས་སུ་ཞིག་གིས་དེ་དག་བཙལ་ནས་ས་རུ་སྦ་སྲིད་དམ།ཁོམ་སོང་བའི་མི་དེ་འདྲ་གང་ན་སྲིད ”“ འབྲོག་པའི་ཐུར་མ་ཐང་ན་ཡོད་པའི་གཏམ་དཔེ་ལྟར་ཐང་གི་ཤིང་ནི་ཐུར་མ་བྱས་ཤིང་། རྩྭ་འཇག་མ་སོ་འབྲུ་བྱས་ཏེ་གནའ་ནས་ད་ལ་ཐུག་གི་བར་འོང་བ་རེད། ཁོ་ཚོར་ཁ་ཁོམ་སོང་བ་ལས་ད་སྔ་རྩྭ་འཇག་མས་མི་ཞིག་བསད་སོང་བ་གོ་མ་མྱོང ” ཞེས་གོས་དཀར་གྱོན་པའི་འཕྲོད་བསྟེན་སྡེ་ཁག་གི་མི་ཚོའི་བཤད་པའི་སྐད་ཆ་རྣ་རྒྱབ་ཀྱི་རླུང་བུར་བཏང་།

            བསམ་གཏན་ཚང་ལ་བུ་ཕྲུག་ལྔ་ཡོད་པའི་ཆེ་བ་ནི་བུ་ཡིན་པ་ལས་གཞན་བཞི་བོ་བུ་མོ་ཡིན། བུ་ཚེ་དཔལ་ཕོ་ལོ་ཉི་ཤུ་རྩ་བཞིར་སོན་པའི་ལོ་དེར་སྡེ་བའི་ནང་གི་བུ་མོ་ཞིག་བག་མར་བསུས། མི་དར་རྒྱུ་དར་གྱི་ཁོ་ཚང་ལ་མཚོན་ན། བུ་མོ་དག་གཉེན་དུ་སློང་མཁན་ཤིན་ཏུ་མང་། དེའི་ཕྱིར་བུ་མོ་དག་སྔ་གཞུག་ཏུ་སྡེ་བ་སྟོད་སྨད་ལ་བག་མར་ཕྱིན།

            བུ་ཚེ་དཔལ་དང་མནའ་མ་གཉིས་ལ་བྱིས་པ་དྲུག་སྐྱེས་མོད་གཉིས་བཙས་ནས་ཟླ་ཤས་ཙམ་རེ་མ་འགོར་བར་ཤི་བས་ཁོ་ཚང་ལ་སྡུག་མི་ཆུང་བ་རེ་བཞག ལྷག་པར་དུ་ཨ་ཡེ་དང་ཨ་མྱེར་གྱུར་བའི་བསམ་སྒྲོན་དང་བསམ་གཏན་གཉིས་ཀྱི་གདོང་ལ་སྐྱོ་སྡུག་གི་གཉེར་རིས་ཇེ་མང་དུ་བཏང་། དེའི་ཁར་བུ་མོ་འབྲིང་ཆེ་གནས་ཡུལ་དེ་ནས་ཐེངས་འགའ་ལ་ཡུལ་དུ་བྲོས་ཤིང་། ཕྱོགས་གཉིས་ཀྱིས་འདུམ་འགྲིག་ཐེངས་འགར་བྱས་ཀྱང་མ་ཕན་པར་མཐར་བུ་ཕྲུག་གཉིས་ཁྲིད་ནས་ཁྱིམ་དུ་མི་ལོག་ག་མེད་བྱུང་། དོན་དག་དེའི་ཐོག་ནས་བསམ་གཏན་རྒན་རྒོན་གཉིས་ལ “ མུ་གེའི་ཁར་ཟླ་ལྷག ” ཅེས་པའི་དཔེ་ལྟར་སེམས་ངལ་ཆེན་པོ་བཟོས་པས། བསམ་གཏན་གྱིས་མཚམས་རེར “ བུ་མོ་འདི་ཁྱོད་ལ་རིག་སོང་བས། གཞན་གྱི་སྐད་ཆ་ཚིག་གཅིག་ཀྱང་མི་ཐེག་པར་རང་གིས་གང་དྲན་ལས་སྒུལ་རྒྱུ་མེད་པས་གནས་ཡུལ་ནས་ཕུད་པ་རེད ” ཅེས་ལབ་ཚེ། ཨ་ཡེ་བསམ་སྒྲོན་ཤིན་ཏུ་ཁྲོས་ནས “ ཁྱོད་ཚང་ལ་དེ་འདྲའི་ཡ་ཁོག་ལ་རྟ་རྒྱུག་ས་དང་། མ་ཁོག་ལ་ཞིང་རྨོ་ས་ཡོད་མཁན་ཏག་ཏག་ཡོད་པ་གོ་མ་མྱོང་། ཕུང་རྒན་ཁྱོད་ཀྱིས་བཤད་ཉེས་ཟེར་ཉེས་ཁོ་ན་བྱས་ཏེ་བུ་མོས་གནས་ཡུལ་མ་ཟིན་པ་རེད ” ཅེས་གཉེར་རིས་འོག་གི་མིག་གིས་སྡང་ལྟ་བྱེད་ཅིང་། དེར་བསྟུན་ནས་རླུང་ལངས་ཏེ་ལུད་པ་ལུ་ནས་ཁ་ཆུ་སྣ་ཆུ་དྲུད། ཁོག་སྟོད་ལ་ཟུག་གཟེར་གཏོང་།

          “ ཨ་ཕ། ཨ་མ། ཁྱིམ་མཚེས་དག་དེ་རིང་ཡུལ་ཚོའི་སྟེང་དུ་ཁྱི་སྨན་ལེན་དུ་འགྲོ་བཞིན་འདུག་པས་ང་ཡང་འགྲོའམ ” ཞེས་ཚེ་དཔལ་གྱིས་དྲིས་པ་ན། ཨ་ཡེ་བསམ་སྒྲོན་གྱིས་བསམ་གཏན་གྱི་སྐད་ཆའི་སྔོན་ལ་བུད་ནས “ ཁྱི་ལ་སྨན་ལེན་པ་ལས། མི་ལ་སྨན་ལོངས་དང་བཟང་ས་རེད། བྱིས་པ་དག་ལ་འཆམ་པ་ཕོག་གྲངས་དེ་འདྲ་མང་འདུག ང་ལ་རླུང་སྨན་ཡང་ཟད་ལ་ཉེ་བས་དེ་དག་ཉོས་དང་འོས་འཚམས་རེད ”ཅེས་ཐག་ཆོད་པའི་སྐད་ཆ་འཕྲོ་རིམ་འཕྲོར་བཤད་འོང་བས་བཟའ་མི་གཞན་དག་ལ་ཁ་གྲགས་དབང་མི་སྟེར། ད་དུང་ཁེར་ལབ་ཀྱི་ཚུལ་དུ “ ཧིན། ཁྱི་ལའང་སྨན་ལྡུད་དགོས་ཟེར། དངོས་གནས་དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན་ཞེས་གསུངས་པ་ཅིས་མ་བདེན ” ཞེས་འགྲམ་པ་གཅུས་ནས་སྒུར་རེ་སྒུར་རེ་སྒོར་བུད་འགྲོ།

  ༣

            ཨ་ཡེ་བསམ་སྒྲོན་གྱིས་མིག་གཉིས་ཕུར་ཕུར་གྱིས་ལྷས་འདབས་ནས་ཡར་རི་སྒང་དུ་བལྟས།དངོས་གནས་འགྱུར་འདུག སྔོན་ཆད་མོ་རང་གི་དཀར་ལ་དམར་མདངས་རྒྱས་པའི་གདོང་ནི་ད་ལྟ་ནོར་གྱི་ཕོ་སུལ་བཞིན་སྔོ་ཞིང་གཉེར་མས་གང་བ་དང་། གོས་ལྗང་སྨུག་གདན་དུ་བཏིང་འདྲའི་སྤང་རི་ནེམ་ཤ་ཅན་པོ་བྲ་ས་ནག་རོག་གེར་གྱུར་ནས། མི་སྡུག་པའི་ཉམས་ཀྱིས་ཁོ་ཚང་ལ་བལྟས་འདུག མོས་གོམས་ལོབས་ལྟར་ཁ་ནང་གི་སོ་ཐར་ཐོར་དེ་འཇག་མ་ཞིག་གིས་གསེང་བར་འདོད་ནས་ཉེ་འཁོར་དུ་མིག་བཤེར་བྱས་ནའང་། ད་ནི་རྩྭ་འཇག་མ་ཡག་པོ་ཞིག་ཀྱང་འཚོལ་དཀའ་བར་གྱུར་ཡོད།

            ཉིན་འགའི་རྗེས་ནས་ཨ་ཡེ་བསམ་སྒྲོན་ལ་ཚ་བ་ཡང་ཡང་རྒྱས། འཆམ་སྨན་གང་ཞིག་བཏུང་ནའང་སྔོན་ཆད་ལྟ་བུའི་ཕན་ཐོགས་མ་བྱུང་། བསམ་གཏན་གྱིས ” འདི་ལྟར་བསྡད་ན་ཡག་པོ་མི་འདུག མོ་རྩིས་ལྷ་འབེབས་གང་རུང་ཞིག་བྱས་ནས་སྨན་ཁང་དུ་འགྲོ་དགོས་པ་འདྲ། ” ཞེས་རང་གི་བཟའ་ཟླའི་ཟུར་དུ་བཅར་ནས་གྲོས་བྱས་པ་ན། “ ཐེངས་འདིའི་འཆམ་བཙོག་འདི་དངོས་གནས་དྲག་རྒྱུ་མི་འདུག ན་ནིང་ཕེབས་པའི་གྲུབ་ཐོབ་བྱ་འཕུར་ཚང་ལ་ཕྱག་མོ་ཞིག་བཏབ་ན་འགྲིག ཁོང་ནི་སྡེ་བ་སྟོད་སྨད་ཀུན་དུ་མ་འོངས་སྔོན་གཟིགས་ཀྱི་ལུང་བསྟན་གནང་མཁན་ཞིག་རེད་ཟེར་ནས་གྲགས་ཀྱིན་འདུག ཤུ ” ཞེས་བསམ་ཚུལ་བཏོན།

            བུ་ཚེ་དཔལ་གྱིས་གྲུབ་ཐོབ་ལ་ཁ་བཏགས་དང་སྒོར་ལྔ་བཅུ་ཕུལ་ནས་ཨ་མར་ཕྱག་མོ་གཟིགས་སུ་བཅུག

           གྲུབ་ཐོབ་ཀྱི་གསུང་བཞིན་སྐུ་རིམ་འགའ་དགོན་པར་བཅོལ་ཞིང་། ཨ་མ་ཡུལ་ཚོའི་སྨན་ཁང་དུ་བསྐྱལ་ནས་ཁབ་བརྒྱབ། ཉིན་འགར་ཁབ་བརྒྱབ་རྗེས་ཟུག་གཟེར་ཅུང་ཇེ་དྲག་ཏུ་སོང་སྟེ་ལྷོད་པོར་གྱུར་པས།མོས་ལག་ཟུང་ཐལ་མོ་སྦྱར་ནས “ གྲུབ་ཐོབ་ཀྱི་མོ་ལ་ཐོགས་པ་ཞིག་མི་འདུག ཁོང་གི་ཐུགས་རྗེ་བྱིན་རླབས་ཤིག་མ་ཆུང་ཨང ” ཞེས་ཡིད་དྭངས་པས་གསོལ་འདེབས་བྱས།

            དེའི་རྗེས་ཀྱི་ཟླ་ངོ་ཁ་ཤས་སུ་ཨ་ཡེ་བསམ་སྒྲོན་གྱི་ནད་གཞི་དེ་མཚམས་རེར་ཇེ་སྡུག་ཏུ་ཕྱིན་པ་དང་།ཡང་མཚམས་རེར་ཅུང་དྲག་སྐྱེད་ལྟ་བུ་བྱུང་ནས་ཟླ་ངོ་བཞི་ལྔ་ཞིག་འདས།

            བུ་ཚེ་དཔལ་གྱིས་ཐག་རིང་གི་མི་ཞིག་གི་ཁ་ནས་སྡེ་བ་གཞན་ཞིག་ཏུ་སྔགས་པ་ཞིག་ཡོད་ལ། ཁོ་ནི་མི་ཕལ་བའི་བློ་ཡིད་ལས་འདས་པའི་གྲུབ་རྟགས་སྟོན་མཁན་ཞིག་ཡིན་ཏེ། དཔེར་ན་ནད་པའི་ནད་དེ་ཁོས་ཁ་ཡིས་འཇིབ་ནས་ཁྲག་རྣག་མངོན་སུམ་གྱིས་ལེན་འགྲོ་ཞེས་པ་ཐོས། ཚེ་དཔལ་གྱིས་གནས་ཚུལ་དེ་ཨ་མར་བཤད་པ་ན། ཨ་མ་དགའ་ཐག་ཆོད་ནས “ དེས་ན་ངའི་ནད་ངན་འདི་ཁོང་ལ་འཇིབ་ཏུ་འཇུག་རྒྱུ་བྱུང་ན་ཅི་མ་རུང ” ཞེས་བུ་དང་བཟའ་ཟླའི་གདོང་ལ་བལྟས། བསམ་གཏན་དང་ཚེ་དཔལ་ཕ་བུ་གཉིས་ཀྱིས་ཁ་གང་སྔ་ཡིས “ ཁྱེད་རང་སྔགས་པ་དེར་བསྟན་འདོད་ཡོད་ན། དེ་ནི་ང་ཚོས་ཅིས་ཀྱང་འགྲོ་ཐབས་བྱེད་ངེས ”ཞེས་བཤད་པ་ན། ཨ་ཡེ་དགའ་ནས་ཁ་ཡང་ཟུམ་མི་ཐུབ་པར་གྱུར།

            ཕར་བལྟས་ཚོད་ཀྱིས་སྔགས་པས་ཁྲག་རྣག་འདྲེས་མའི་ནད་དཀར་ཡོལ་ཆེན་པོ་ཞིག་གི་ཁ་གང་ལ་ཁད་ཅིག་འཇིབས་སོང་བས། ཨ་ཡེ་བསམ་སྒྲོན་གྱི་སེམས་སུ་ཁོག་ལས་ཅི་ཞིག་བླངས་ཏེ་ཡང་འབོལ་ལེར་བཏང་བའི་སྣང་བ་བྱུང་། ཡིན་ནའང་ཉིན་འགའི་རྗེས་ནས་སླར་ཡང་ཐིགས་ཆུ་ཟགས་པའི་སྣོད་ཀྱི་ཆུ་ཕོས་པ་ཡང་བསྐྱར་ཆུ་ཐིགས་ཀྱིས་གང་བ་ལྟར་ཁོག་པ་ལྗིད་ཏིག་གེར་གྱུར་བས་མི་ཚད་ཟུག་གཟེར་ནི་ཉིན་རེ་ལས་ཉིན་རེར་ཇེ་བཙན་དུ་གྱུར།  “ ངའི་ནད་འདི་འདྲེ་གནས་ངན་པ་ཞིག་ཡིན་ཚོད་རེད། སྔགས་པས་མངོན་སུམ་གྱིས་དེ་འདྲའི་མོད་པོ་ཞིག་བླངས་སོང་མོད་ད་དུང་མི་ཕན་པ་འད ” ཞེས་ནད་ཀྱི་སྟེང་ལ་ཚིག་པ་ཟོས་ཤིང་འཁང་ར་བྱེད།

            དེ་ལྟར་ཡུལ་ལུང་ཆུང་ཆུང་དེ་ནས་མོ་རྩིས་བྱས།སྐུ་རིམ་བསྒྲུབས། སྨན་བཏུང་། ཁབ་བརྒྱབ། སྔགས་པས་འཇིབས། བཟོད་བསྲན་བྱས་པ་སོགས་ཇི་ལྟར་བྱས་ནའང་མཐར་ཇེ་སྡུག་ནས་ཇེ་སྡུག་ཏུ་བྱིན་ཏེ་ཐག་རིང་ཞིང་ཆེན་གྱི་སྨན་ཁང་དུ་མི་སྡོད་ཐབས་མེད་དུ་གྱུར།

            ཨ་ཡེ་བསམ་སྒྲོན་ཉིན་གང་བོར་རླངས་འཁོར་དུ་བསྡད་དེ་དགོང་མོར་སྨན་ཁང་ཆེན་མོ་དེར་འབྱོར།དེ་རུ་མི་ཡོད་ཚད་ལ་ན་ཚ་བྱུང་ནས་ཐོན་ཡོད་པ་ལྟར་འདུ་འཛི་ཧ་ཅང་ཆེ་བས་མོ་ཕྱོགས་གཅིག་ནས་ཧོན་ཐོར་ཞིང་། ཕྱོགས་གཅིག་ནས་སྨན་ནམ་ནད་དྲི་གང་ཡིན་མི་ཤེས་པའི་དྲི་མ་ཀླད་པར་རྒྱུག་པ་ཞིག་གིས་མོ་རླངས་འཁོར་དུ་སྡོད་པ་ལས་ཀྱང་སྐྱུག་མེར་བསླངས།

            འཇིག་རྟེན་གཏམ་དཔེ་ཞིག་ཏུ “ ཡར་དྲུད་ཝྭ་རོ་བསིག་བསིག མར་དྲུད་ཁྱི་རོ་རྡེབ་རྡེབ ” ཞེས་པ་ལྟར་སྨན་ཁང་གིས་ཉིན་གཉིས་ཙམ་ལ་ཟིང་ཟིང་དང་ཧུར་ཧུར་གྱི་སྒྲ་རྣ་ལ་གཟན་པོའི་ཁྲོད་དུ། མོ་གཅེར་བུར་ཕུད་ལ་ཁད་ཀྱིས་འཕྲུལ་ཆས་སྣ་ཚོགས་སུ་གན་རྐྱལ་དང་ཁ་སྦུབས། གཡས་ལོག་གཡོན་ལོག་སོགས་མང་པོ་བྱེད་དུ་བཅུག

              ཞིང་ཆེན་ན་སློབ་གྲྭར་ཡོད་པའི་ཁོ་ཚོའི་སྡེ་བའི་གསར་བུ་དེས་ལོ་ཙཱ་བྱས་པ་ལྟར་ན། ཨ་ཡེ་བསམ་སྒྲོན་གྱི་ནད་ནི་མཆིན་ནད་ཐུམ་འབུ་ཟེར་བ་དེ་རེད།དུས་འགྱངས་བྱུང་ནས་ཉེན་ཁ་ཆེན་པོར་ཐུག་ཚར་འདུག གཤགས་བཅོས་མ་བྱས་ན་ཐབས་ཤེས་མི་འདུག་ཅེས་བཤད་སོང་ཟེར། དེ་དུས་ཨ་ཡེ་བསམ་སྒྲོན་གྱི་ཀླད་པར་ཚ་ཤད་ཅིག་བརྒྱུགས། གཤགས་བཅོས་ནི་ནོར་ལུག་བཤའ་བ་བཞིན། རང་གི་ལུས་ལ་གྲི་ཡིས་བཏབ་རྒྱུ་ཡིན་པས་ཧ་ཅང་སྐྲག ལྷག་པར་དུ་མོའི་ནད་བཙོག་དེ་མཆིན་ནད་ཐུམ་འབུ་རེད་ཅེས་པའི་སྐད་ཆ་ཐོས་མ་ཐག་ཏུ། སྔོན་ཆད་སྡེ་བར་ཡུལ་ཚོའི་ལས་བྱེད་སོགས་གོང་རིམ་གྱིས་སྲིད་ཇུས་དྲིལ་སྒྲོག་བྱས་པའི་རྣམ་པ་དག་དྲན། གོས་དཀར་གྱོན་པའི་མི་ཚོས། མཆིན་ནད་ཐུམ་འབུ་ནི་ཁྱི་ལས་འགོས་པ་ཤས་ཆེ་བས། ཡུལ་མི་ཚོས་ཁྱི་དང་འབྲེལ་འདྲིས་བྱེད་སྐབས་ཉམས་འཇོག་བྱེད་དགོས་ཞེས་པའི་སྐད་ཆ་དག་གོ་བ་ན། མོས་ཧ་བགད་དང་བཅས་ཁྱི་ལ་ཁབ་རྒྱག་པ་དང་། སྨན་ལྡུད་པ། ཁྱི་ལུད་ས་འོག་ཏུ་སྦ་བ་སོགས་འཇིག་རྟེན་ན་མི་སྲིད་པ་ཞིག་རེད་འདོད་པ་སོགས་ཀྱིས་ཁོ་ཚོའི་བཤད་བཤད་ཐམས་ཅད་སྣང་མེད་དུ་བཞག་པར་འགྱོད་པ་སྐྱེ་མགོ་བརྩམས། ད་དུང་མོའི་ནད་དེ་དུས་འགྱངས་བྱུང་འདུག་ཅེས་པས།གྲུབ་ཐོབ་ཀྱི་མོ་བཏབ་པའི་ཁར་བཞག་ནས་སྨན་ཁང་ཆེ་ས་ཞིག་ཏུ་མ་སོང་བ་དང་། སྔགས་པས་ནད་འཇིབ་ཐུབ་པར་ཡིད་ཆེས་ཀྱིས་དེ་རུ་སོང་བ་སོགས་ལའང་འགྱོད་པ་ཆེན་པོ་སྐྱེས། སྔར་བྱས་ལ་འགྱོད་པ་དང་ཟུག་གཟེར་གྱི་སྡུག་བསྔལ། མཚོན་རྣོན་གྱིས་ལུས་བཤའ་རྒྱུ་ཡིན་པའི་འཇིགས་དངངས་སོགས་ཀྱིས་མོ་རང་ནད་ཁྲིའི་སྟེང་ནས་ལྷབ་ལྷབ་ཏུ་འདར། དགུན་གསུམ་ཁ་བའི་ཁྲོད་ཀྱི་རྩེབ་མ་ཐག་པའི་ལུ་གུ་བཞིན་དུ་འདར་སིག་བརྒྱབ། བུ་ཚེ་དཔལ་སོགས་འུར་ལངས་ཏེ “ ཨ་མ། ཨ་མ། ག་རེ་བྱས་སོང་ཟུག་གཟེར་ལངས་པ་ཡིན་ནམ། གང་ནས་མི་བདེ་བར་འདུག ” ཅེས་མོའི་མགོ་བོ་བསྐྱོར། མོ་ངག་འདར་ནས་སྐད་ཆ་མི་ཐོན། ཟུག་གཟེར་ལངས་པ་མ་རེད་ཅེས་པའི་བརྡར་མགོ་བོ་འཕྲེད་དུ་གཡུག་ནའང་ནད་གཡོག་ཚོས་མོའི་ལུས་ཡོངས་ཀྱི་འདར་སིག་རྒྱག་བཞིན་པས་མགོ་བོ་གཅིག་པུས་བསྟན་པའི་བརྡ་དེ་མ་གོ ལ་ལས་མྱུར་དུ་སྨན་པར་བོས་ཟེར། ལ་ལས་བདུག་པ་བདུག་ཟེར། འུར་འུར་ཟིང་ཟིང་གི་སྐབས་དེར་མོ་ཇེ་ལྷོད་དུ་སོང་། རྒད་པོ་བསམ་གཏན་གྱིས་དབུགས་རིང་ཞིག་བཏོན་ནས་དོན་སྙིང་ཁ་རུ་ཐོན་ནམ་སྙམ་པའི་སེམས་ཁམས་མར་ཕབ་ཐབས་བྱས།ནད་གཡོག་ཚང་མའི་གདོང་གི་བྲེད་ཤའང་ད་གཟོད་མར་ཅུང་ཞིག་འཇགས།

             སྐབས་དེ་ནས་བཟུང་བསམ་སྒྲོན་གྱི་སེམས་སུ་སྨན་ཁང་ནི་འཆི་བདག་གཤིན་རྗེའི་བཙོན་ར་དང་།གོས་དཀར་གྱོན་པའི་སྨན་པ་དག་ནི་ཨ་བ་གླང་མགོ་ཅན་སོགས་ལས་མཁན་དག་ལྟ་བུའི་འཇིགས་སྐྲག་གི་འདུ་ཤེས་ཤིག་གིས་མངགས་པར་མི་བྱེད། དེའི་ཕྱིར་མཚན་མོར་གཉིད་ཡག་པོ་མི་འོང་ལ། གལ་ཏེ་གཉིད་ཐུན་ཐུང་ཐུང་ཙམ་རེ་ཡོང་ནའང་། འཁྲུལ་བཤད་རྡབ་རྡིབ་ཀྱིས་སྙིང་ལོག་བྱས་ཏེ་གློ་བུར་མགོ་བོ་འདེགས་པ་དང་། ལག་པ་ས་གཡུག་རྡོ་གཡུག་བྱེད་པ་སོགས་མོ་རང་ཕར་ཞོག་ཟུར་གྱི་ནད་གཡོག་ཚོའང་སེམས་ངལ་དུ་གཏད་འགྲོ་བའི་ཚད་དུ་ལྷུང་།

           ཨ་ཡེ་བསམ་སྒྲོན་གྱི་གཡས་ཕྱོགས་ཀྱི་ནུ་མའི་འོག་ནས་ཁོག་ཁ་དབྲལ་ཏེ་སྦྲ་སྤྲུག་གི་དབྱིབས་ཀྱིས་གཡས་སུ་གུག་ནས་རྒྱབ་ཕྱོགས་ཀྱི་སོག་འདབས་བར་བསྐྱལ་ཞིང་། མཆིན་པ་ཁྲག་གི་མཚོ་མོ་ལ་རྣོ་ངར་ཅན་གྱི་མཚོན་ཆས་བྲེག་གཏུབ་སྣ་ཚོགས་བྱས།དེ་ནས་སྐམ་བཤས་ཏེ་ནང་བླུགས་སྐབས་ཀྱི་གྲོད་ཐུམ་བཟོ་བ་བཞིན་ཁོག་ཁ་བཙེམས། སྣ་བུག་གཉིས་སུ་ཅིག་དྲངས་ཏེ་ཟོམ་ལྟ་བུའི་ལྕགས་ལྡིར་ལ་སྦྲེལ།བྲང་དང་རྐང་ལག་གི་མཛུབ་མོ་ཚང་མར་ཐུ་གུ་ལྟ་བུ་མང་པོ་སྦྲེལ་ནས་ “ ཙིར་ཙིར། ཏིང་ཏིང ” སོགས་སྐད་སྙིང་ལ་གཟན་པ་རེ་གྲགས་པའི་འཕྲུལ་ཆས་དང་སྦྲེལ། ཁོག་པའི་ནང་དུ་གོ་སྦུགས་དྲངས་ཏེ་འགྱིག་ཁུག་ཕྱི་གསལ་ནང་གསལ་གྱི་ནང་དུ་ཁྲག་སྣག་ཟགས་སུ་བཅུག་པ་བཞོ་མཆར་བཞིན་སྐེད་པར་གཟར། སྨན་ཆུ་ཁུག་མ་མང་པོ་གནམ་ནས་ཐུར་དུ་གཟར་དེ་ལག་རྩ་བརྒྱུད་ནས་ཉིན་མཚན་གཉིས་སུ་ལུས་ལ་ཟགས། ད་ལྟ་མོ་ནི་སྦྲ་ནག་ལ་ཆོན་ཐག་དང་ས་འཇུ། རླུང་ནོན་སོགས་ཀྱིས་བརྒྱངས་པ་ལྟར་རབ་རབ་ཅིག་ཏུ་བཏང་།

          ཟུག་གཟེར་དང་སྐྲག་འཇིགས། འགྱོད་གདུང་སོགས་གཤིན་རྗེ་ཆོས་རྒྱལ་གྱི་སྒོ་དྲུང་དུ་སླེབས་པ་ལྟ་བུའི་ངང་ནས་དུས་ཡུན་ཟླ་གཅིག་དང་ཕྱེད་ཙམ་གྱི་ཡུན་ལ་སྨན་ཁང་དུ་ཉལ་མཐར་ད་གཟོད་ཡུལ་དུ་ལོག་ཐུབ་ཙམ་བྱུང་། མོས་རིད་ཅིང་ཉམ་ཐག་པའི་ལག་ཟུང་ ཐལ་མོ་སྦྱར་ནས “ སྨན་ཁང་འདི་འདྲའི་ནང་དུ་འདུག་མི་དགོས་པའི་སྨོན་ལམ་འདེབ ” ཅེས་ཡང་ཡང་བཟློ།

           སྨན་ཁང་ལས་བུད་དེ་ཕ་ཡུལ་དུ་ལོག་རྗེས་སུའང་ཨ་ཡེ་བསམ་སྒྲོན་གྱི་ཡ་ཁོག་ཏུ་གཟེར་ཕྲན་བུ་ཞིག་གི་རྒྱུན་ག་ལ་ཆད། ཉིན་བཞིན་འཐུང་བའི་སྨན་དེ་དག་ཀྱང་ས་ཟ་བ་བཞིན་ལས་ཕན་ཏོག་ཙམ་ཐོགས་པའི་ཚོར་བ་མ་བྱུང་།

          “ མི་ཡོང་མི་ཡོང་ལྷན་གཅིག ” ཅེས་པའི་དཔེ་ལྟར། ཨ་ཡེ་བསམ་སྒྲོན་སྨན་ཁང་ལས་བུད་རྗེས་ཀྱི་ཟླ་གསུམ་ཙམ་གྱི་རྗེས་ནས་ཚ་བུ་ཚ་མོ་ཆེ་བ་གཉིས་ལ་ནད་ཅིག་ཐེབས། ཕ་མ་གཉིས་དང་གཉེན་ཉེ་ཁ་ཤས་ཀྱིས་གྲོང་ཁྱེར་གྱི་སྨན་ཁང་དུ་ཁྲིད་ནས་སྨན་བཅོས་བྱས། ཡིན་ནའང་སྙིང་རྗེ་བའི་བྱིས་པ་གཉིས་ཀར་ཐར་དུ་མེད་པའི “ མཆིན་ནད་ཐུམ་འབུ ”ཕོགས་ཏེ་གཤགས་བཅོས་བྱེད་པའི་དུས་ཀྱང་སྔ་མོ་ནས་འདས་ཟིན་པས་སྨན་ཁང་གིས་ཕྱིར་ཁྲིད་དུ་བཅུགཡུལ་དུ་ཐོན་ནས་ཅང་མ་འགོར་བར་གཉིས་ཀ་འཆི་བདག་གཤིན་རྗེས་ཁྲིད་སོང་། བྱིས་པའི་ཕ་མ་གཉིས་དང་ཨ་ཡེ་ཨ་མྱེ་ཟུང་སྡུག་བསྔལ་གྱིས་ནོན། ལྷག་པར་དུ་ཨ་མྱེ་བསམ་གཏན་རླུང་ལངས་ཏེ་མལ་སར་ལྷུང་། ཟས་ཀྱི་ཡི་ག་འགགས། སྲུ་མོ་དང་བུ་གཉིས་ཀྱིས་ཁོ་སྨན་ཁང་དུ་ཁྲིད་རྩིས་བྱས་ཀྱང་འགྲོ་ཁ་མ་ཉན། མཐར་མལ་སའི་ནང་ནས་བརྒྱལ་བ་ལྟར་ཕྱི་མར་བཞུད། ཨ་ཡེ་བསམ་སྒྲོན་སྡུག་བསྔལ་གྱིས་རབ་ཏུ་ནོན་ནས་ནད་རྙིང་དེ་ཇེ་ཐུར་སོང་ནས། མལ་ས་ལས་འགྲེ་ལྡོག་བརྒྱབ། གྱོད་ཐུམ་བཙེམ་པ་ལྟ་བུའི་རྨ་ཁར་ཟུག་གཟེར་སྔར་བས་ལངས།

           ད་ནི་ཁོ་ཚང་གི་འཇིག་རྟེན་འདི་སྐྱ་ཐག་གེ་བ་ཞིག་ལས་མི་ཡུལ་གྱི་བདེ་སྐྱིད་ཅེས་པའི་བྲོ་བ་གཞི་ནས་ཡལ་བར་གྱུར།

           མཆིན་ནད་ཐུམ་འབུའི་འགོས་ནད་ཅེས་པའི་སྙིང་རྗེ་མེད་པའི་འཆི་བདག་དེས། ཚེ་དཔལ་དང་སྲུ་མོ་གཉིས་ཀའང་སྔ་གཞུག་གིས་བཟུང་། གཉེན་ཉེ་ཚོས་རོགས་བྱས་ཏེ་གཉིས་ཀ་གྲོང་ཁྱེར་གྱི་སྨན་ཁང་ལས་གཤགས་བཅོས་བྱས།

          ཨ་ཡེ་བསམ་སྒྲོན་དང་ཚ་བོ་ཚ་མོ་བསམ་མེད་གསུམ་ཁང་གོག་ནང་དུ་ལུས། ཨ་ཡེ་བསམ་སྒྲོན་གྱི་སྔོན་ཆད་ཀྱི་མ་ཎིའི་ཁ་ཏོན་དེ་ད་ལྟ “ ངའི་ལས་འདི།ངའི་ལས་འདི ” ཞེས་པའི་སྡུག་ཡུས་ཀྱི་ཁེར་ལབ་ཏུ་གྱུར་ཅིང་། གཏིང་དུ་ལྷུང་བའི་མིག་གོང་ལས་མཆི་མའི་ཆར་རྒྱུན་ཆད་དུ་མེད་པར་གཉེར་རིས་དང་ཚི་དྲེག་གིས་གང་བའི་མཁུར་ཚོས་བརྒྱུད་དེ་ཡང་ཡང་འབབ། མཚན་མོར་སྔས་མགོ་བརླན།

        ཁྱིམ་ཚང་ལ་གོད་ཆག་འཕྲོ་རིམ་འཕྲོར་བྱུང་བའི་གོ་རིམ་ཁྲོད་དུ་རྟ་ནོར་ཁ་ཤས་བོར་བརླག་ཐེབས་པ་དང་། ན་ཚ་ཤི་ཆད་ཀྱི་འགྲོ་སོང་དེ་དག་གི་ཆེད་དུ་བཙོང་བ་སོགས་ཀྱིས་ད་ལྟ་རི་སྒང་དུ་ཚེ་ཐར་གཉིས་གསུམ་ཞིག་ལས་གཅིག་ཀྱང་ལྷག་མེད་པར་ལྷས་ར་སྟོང་བ་སྟོང་རྐྱང་དུ་ཆགས། ད་ནི་ཕྱི་ན་རྟ་ནོར་ལུག་གསུམ་གྱི་སྒོ་ཕྱུགས་མེད་ལ་ནང་ན་བཟའ་མི་མགོ་འཛོམས་ཀྱི་དགོད་སྒྲ་མེད་པར་སྔོན་ཅི་ཡང་ཡོད་པའི་ཁྱིམ་ཚང་དེ་ད་ལྟ་ཅི་ཡང་མེད་པ་ཅན་དུ་གྱུར། བསམ་སྒྲོན་ཆུང་དུས་ཀྱི་གཞན་ཡིད་འཕྲོག་པའི་ལང་ཚོ། མི་རྒྱུ་གཉིས་འཛོམས་ཀྱི་ཁ་ལས། ད་དུང་ཡོད་ཚད་ཡལ་ཟིན། ཡོད་ཚད་སྟོང་ཟིན།

           ཡ་ང་བའི་གནས་ཚུལ་དེ་ཡུལ་ཚོ་གྲོང་རྡལ་གྱི་མགོ་གཙོ་བདེ་སྐྱིད་ཀྱིས་ཐོས་ཚེ། མོས་རོགས་སྐྱོར་གྱི་ཅ་ལག་དང་ཤོག་དངུལ་སོགས་འོས་འཚམ་བཀོད་སྒྲིག་བྱས་ཏེ། ལས་བྱེད་པ་འགའ་ཁྲིད་ནས་ཁྱིམ་ཚང་དེ་བའི་ཕྱོགས་སུ་རླངས་འཁོར་གྱི་ཁ་ལོ་བསྒྱུར།རླངས་འཁོར་རྡོ་ལམ་ཆད་མ་མཐུད་ཅིག་ཏུ་སྤྱི་ལེ་བརྒྱད་ཅུ་ལྷག་ལ་བསྐྱོད་རྗེས་ལམ་མེད་པའི་ཐང་རྒོད་དུ་བསྐོར། དེ་རྗེས་རླངས་འཁོར་བསྐོར་ཐབས་མེད་པའི་སར་ཁོ་ཚོས་ཅ་ལག་ཁུར་ནས་རྐང་ཐང་དུ་སོང་།བགྲོད་མི་བདེ་བའི་ཀྱག་ཀྱོག་འབར་འབུར། སྒང་གཞུང་ཆུ་ཕྲན་སོགས་ཆུ་ཚོད་གསུམ་ཙམ་གྱི་ལམ་བརྒལ་རྗེས་ད་གཟོད་སྒོ་ཕྱུགས་གཅིག་ཀྱང་མཐོང་དུ་མེད་པའི་ས་སྟོང་གི་ཁང་གོག་དེ་མིག་ལམ་དུ་ཤར།གདོང་ལ་ཐལ་བ་བྱུག་པ་ལྟ་བུའི་བྱིས་པ་ཆུང་ཆུང་གསུམ་དང་ཨ་ཡེ་བསམ་སྒྲོན་བཞི་བོ་རྫབ་རྫོབ་ཀྱིས་གང་བའི་ཁང་ཧྲུལ་ནང་དུ་སྤྲང་བོ་བཞིན་བསྡད་ཡོད་པ་མཐོང་ཚེ་གྲོང་དཔོན་སོགས་ཀྱི་མིག་ལས་མཆི་མ་རང་དབང་མེད་པར་འཐོར།

          གྲོང་དཔོན་གྱིས་ཨ་ཡེ་བསམ་སྒྲོན་གྱི་བྱ་སྡེར་འདྲ་བའི་ལག་པར་འཇུས་ནས། གྲོང་ཁྱེར་གྱི་སྨན་ཁང་དུ་སྡོད་པའི་བུ་དང་མནའ་མ་གཉིས་ལ་རིན་མེད་སྨན་བཅོས་བྱེད་པ་དང་། རྒན་འཁོགས་ནད་པ་དང་བསམ་མེད་བྱིས་པ་ཚོ་འདི་ལྟར་ས་མཐའ་འཁོབ་ཅིག་ཏུ་བསྡད་ན་མུ་གེས་ཀྱང་འཆི་སྲིད་པས་ཡུལ་ཚོས་ཐབས་ཤེས་གང་ཡོད་སྤྱད་ནས་གྲོང་དུ་དཔར་ཐུབ་པར་ཁག་ཐེག་བྱེད་ངེས་སོགས་སེམས་གསོའི་སྐད་ཆ་གང་མང་བཤད། ཨ་ཡེ་བསམ་སྒྲོན་གྱིས “ ངའི་བུ་དང་མནའ་མ་གཉིས་ཀྱི་ནད་ལ་རོགས་སྐྱོར་མ་འཆུག བྱིས་པ་འདི་ཚོ་དྭ་ཕྲུག་ཏུ་གྱུར་ཚེ་སྙིང་མ་རྗེ ” ཞེས་ངག་འདར་ཞིང་ངུ་སྐད་འདྲེས་མས་རེ་ཞུ་དང་བཀའ་དྲིན་ཡང་ཡང་ཞུས།

          གྲོང་དཔོན་དང་ལས་བྱེད་ཚོའི་སེམས་སུ་ཆུ་འཁྱག་ཟོ་བ་གང་རེ་བླུགས་པར་ལྟར་ཁོ་ཚོ་དང་བྲལ་ཏེ་ཁང་གོག་ལ་ཕྱིར་མིག་ཡང་ཡང་འཕེན་བཞིན་སོ་སོར་སྨྲ་བ་མེད་པར་ཕྱིར་འགྲོ་བའི་ལམ་དུ་ཞུགས།

          ཕོ་རོག་འགས་གཅོང་སྐད་འདོན་གྱིན་ཁོ་ཚོའི་མགོ་ཐོག་ནས་གཤོག་སྒྲ་དང་བཅས་ལྡོག་ཕྱོགས་སུ་འཕུར་སོང་། དེ་ནི་ཨ་ཡེ་བསམ་སྒྲོན་ལ་གྲོང་ཁྱེར་དུ་གཤགས་བཅོས་བྱས་པའི་བུ་དང་མནའ་མའི་ནད་སྡུག་གི་གནས་ཚུལ་སྐྱེལ་བའི་བྱ་མ་རྟ་ཡིན་ནམ།

རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།