ཟླ་བ་གཡུ་མཚོ།

རྩོམ་པ་པོ།   རྟ་མགྲིན་དབང་རྒྱལ།དུས་ཚོད།   2018-01-10རྩོམ་ཁུངས།   

                    ཆར་ཞོད་ཀྱི་སྡུག་ཡུས་མང་བའི་ཟླ་དྲུག་པའི་ཞོགས་པ་ཞིག་ལ།ངའི་ལྷིང་འཇགས་ཀྱི་གཞུང་སྒྲུབ་ཁང་ནས་དུ་བ་རྐང་གཅིག་ལ་མེ་སྦར་རྗེས།སྒེའུ་ཁུང་ལས་ཕྱི་རོལ་ཀྱི་འུར་ཟིང་ལ་ཅེར་ནས་བསྡད།རེད་དེ།དེ་རིང་ཕྱི་རོལ་ཀྱི་གཞུང་ལམ་ན་བྱེའུའི་གྲིབ་གཟུགས་མི་འདུག  ཁེར་རྐྱང་གི་གློག་སྡོང་དག་ཁེར་རྐྱང་ལ་འཐམས་ནས་རྒྱང་རིང་གི་ཉི་འོད་ལ་སྒུག  མི་ཚོགས་ཁོ་ན་རང་བྱུང་གིས་མ་ཐུལ་བའི་རྒོད་པོ་ཡིན་པ་འདྲ་སྟེ།ད་དུང་ལམ་འགྲམ་དང་གཞུང་ལམ་ནས་འདུར་རྒྱུགས་བྱེད་བཞིན་འདུག   སེམས་ཕྱི་རོལ་དང་ཕྱི་རོལ་གྱི་ཁོར་ཡུག་ལ་དམིགས་པའི་སྐབས་དེར་ཉེ་འགྲམ་གྱི་མདུན་ཅོག་སྟེང་ངལ་དུབ་ཀྱིས་མནར་བའི་ཁ་པར་ལས་གླུ་སྐད་སྙན་མོ་ཞིག་མཆེད་བྱུང་།ངའི་མགྱོགས་མྱུར་སྒོས་མིག་གི་མདའ་མོ་ཁ་པར་ཕྱོགས་སུ་ཕྱོགས་པ་ན་འཆར་ངོས་ལས་ཟླ་བ་གཡུ་མཚོ་ཞེས་པའི་མིང་དེ་གསལ་ལེར་ཤར་འདུགརེད། ཟླ་བ་གཡུ་མཚོ་རེད།   ཟླ་བ་གཡུ་མཚོ།  ཟླ་བ་གཡུ་མཚོ།       

                ཝེ།  ཁ་པར་ལས་རི་སུལ་གྱི་ཆུ་བོའི་བཞུར་སྒྲ་ལས་སྙན་པའི་སྐད་སྙན་ཅིག་མཆེད་བྱུང་།གླུ་སྐད་ལྟ་བུའི་སྐད་སྙན་དེ་ཁོ་བོའི་སེམས་ཀྱི་ལྷིང་འཇགས་དཀྲོགས་སོང་།       

                ཅི་བྱེད་ཀྱིན་ཡོད།          

                གཞུང་སྒྲུབ་ཁང་ན་ལས་ཞུགས་བྱེད་བཞིན་ཡོད།ཁྱེད་ཀྱིས་ཅི་ཞིག་བྱེད་བཞིན་ཡོད།          

                 ངའི་མེ་ཏོག་ཐང་ན་ལུག་འཚོས་ནས་བསྡད་ཡོད།  ངས་གཞུག་གི་སྐད་ཆ་ཀླད་པའི་ནང་ཟིན་བྲིས་འདེབས་པའི་བར་གླགས་དེར།ཁོ་མོས་གློ་བུར་དུ་སྙིང་ལ་ཐོག་འཕང་པ་ལྟ་བུའི་སྐད་ཆ་ཞིག་སྨྲས་བྱུང་། དེ་དུས་ངས་ཁོ་མོའི་ཁ་པར་ལས་འབྲུག་སྒྲ་ལྡིར་བ་གསལ་ལེར་ཐོས་སོང་།རེད་དེ།དེ་དུས་ངའི་ཁོ་མོའི་ཡིད་ཆད་དང་ལས་དབང་མིག་ལ་འཆར་ཡོང་།   ད་དུང་སྐྱོ་གདུངས་དང་མིག་ཆུའང་ཁ་པར་ལས་ཤག་ཤག་འབབ་པ་ཐོས་བྱུང་།    ངའི་ཁ་པར་གྱི་སྐུད་ལམ་བཅད་ནས་གྲང་འདར་ཡང་ཡང་བརྒྱབ།སེམས་འདིའང་གས་སོང་སྙམ་པའི་སྡུག་བསྔལ་བྱུང་།             

                 དེ་དུས་ངས་གཞི་ནས་དེ་རིང་གི་ཆར་བ་འདི་ནི་ཐན་ལྟས་ཤིག་གི་སྔ་ལྟས་ཡིན་པ་རྟོགས་སོང་།ལོ་ངོ་ཉི་ཤུའི་ནར་སོན་གྱི་ལོ་ཟླའི་ངོགས་སུ་འབུས་པའི་བརྩེ་དུང་གི་མེ་ཏོག་དེ་དེ་རིང་ཆར་ཆུ་དང་འབྲུག་སྒྲ།གློག་དམར་དང་མིག་ཆུ་ལ་འགྲོགས་ནས་གཙང་བོའི་གཞུང་ལ་འདྲེས་སོང་།དེ་ནི་ལས་དབང་གི་སོ་ཁ་ནས་གུད་པའི་ཉམ་ཐག་གི་སེམས་གཉོམ་པོ་ཞིག་དང་ལས་རིགས་དང་ཐོབ་ཐང་གིས་དུམ་བུར་བཏང་བའི་བརྩེ་དུང་གི་མེ་ཏོག་རྐང་གཅིག་ཡིན་པ་གཞི་ནས་རྟོགས་སོང་།

རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།