གཞུང་ཞབས་པ་ཆུང་ཆུང་ཞིག་གི་ཤི་རྐྱེན།

རྩོམ་པ་པོ།   ཆི་ཧོ་ཧྥུ་ཡིས་བརྩམས། ཚེ་དཔག་ལྷ་མོས་བསྒྱུར།དུས་ཚོད།   2018-01-10རྩོམ་ཁུངས།   

             སྤྲོ་སྐྱིད་འཛོམས་པའི་དགོང་མོ་ཞིག་ལ།སེམས་ཁམས་སྐྱིད་པའི་ལས་ཀ་རྩག་རྩིག་བསྒྲུབ་མཁན་དཔོན་པོ་དབྱི་ཧྥན་ཏེ་སྨི་ཐེ་ལི་ཆེ་ཨེར་ཝེ་ཡ་ཁོ་ཧྥུ། ཟློས་གར་ཁང་གི་སྟར་ཕྲེང་གཉིས་པའི་རྐུབ་སྟེགས་སྟེང་བསྡད་ནས་རྒྱང་ཤེལ་བཟུང་ཏེ《ཁོ་ཨེར་ཉེ་ཝེ་ལི་ཡི་ཅོང་སྒྲ》ཞེས་པའི་འཁྲབ་སྟོན་ལ་བལྟ་བཞིན། སེམས་སུ་སྤྲོ་བ་ཚད་མེད་སྐྱེས། འོན་ཀྱང་གློ་བུར་དུ་འདི་བརྩམས་སྒྲུང་ཁྲོད་དུ་རྒྱུན་པར་འབྱུང་བཞིན། རྩོམ་པ་པོ་རྣམས་ཀྱིས་བཤད་པ་ནང་བཞིན། འཚོ་བའི་ཁྲོད་དུ་དངོས་གནས་བསམ་ཡུལ་ལས་འདས་པའི་དོན་རྐྱེན་སྣ་ཚོགས་ཀྱིས་ཁེངས་ཡོད། འོན་ཀྱང་གློ་བུར་དུ་ཁོའི་གདོང་གཉེར་བ་དང་། མིག་ཡར་ལ་བལྟས་ནས་དབུགས་ཀྱང་འབྱིན་རྔུབ་ཀྱི་མཚམས་བཞག་སོང་ཁོས་རྒྱང་ཤེལ་སར་བཞག་ནས། མགོ་མར་སྒུར་ཏེ། འ་ཆེ་ཁོས་ཧབ་ཆི་ཞིག་བརྒྱབ་སོང་། ཁྱོད་ཚོས་ལྟོས་དང་། དུས་ནམ་ཡིན་ཡང་ས་གང་ཡིན་ཡང་།  ཧབ་ཆི་རྒྱག་པར་སུས་ཀྱང་་བཀག་འགོག་བྱེད་མི་ཐུབ་ལ། སོ་ནམ་པ་དང་། ཉེན་རྟོག་པ། སྐབས་འགར་ཐ་ན་དཔོན་ཆེན་མི་དྲག་ཚོས་ཀྱང་རང་དབང་མེད་པར་ཧབ་ཆི་རྒྱག་པ་སྨོས་མེད་རེད། མི་ཚང་མས་ཧབ་ཆི་རྒྱག་པས། ཁོར་བྲེལ་འཚབ་སྤུ་ཙམ་ཡང་མེད་པར། ལག་ཕྱིས་ཆུང་བ་ཕྱིར་ཕྱུང་ནས་གདོང་ཕྱིས་པར་མ་ཟད། ཤིན་ཏུ་གུས་ལུགས་ལྡན་པའི་ངང་མཐའ་འཁོར་དུ་ཅིག་བལྟས་ནས། ཡིད་ལ་ཁོང་གི་ཧབ་ཆི་ཉེ་འཁོར་དུ་ཟེགས་མིན་ལ་དོགས་སྣང་སྐྱེས་ལ། སེམས་སུ་ཅུང་འཚུབ་ཆ་ལངས། ཁོའི་མདུན་གྱི་སྟར་པ་དང་པོའི་རྐུབ་སྟེགས་ཐོག་གི་རྒན་པོ་བགྲེས་སོང་དེའི་ལག་ཤུབ་བཀོལ་ནས་ཁོའི་སྐྲ་མེད་པའི་མགོ་དང་སྐེ་ཤེད་ཀྱིས་ཕྱིས་བཞིན་ཁ་ནས་ཅིག་ལབ་ཀྱིན་ཡོད། ཁོས་མི་དེ་ད་ལྟ་འགྲིམ་འགྲུལ་སྡེ་ཚན་ན་ལས་ཀ་བྱེད་ཀྱིན་ཡོད་པའི་ལོ་ཧྥུ་དམག་དཔོན་ཡིན་པ་ངོ་ཤེས།

           ཁོའི་སེམས་སུ“ ངའི་ཧབ་ཆི་ཁོའི་ལུས་སྟེང་དུ་ཟེགས་སོང་མ་ཡིན་ནམ། ཁོས་ངའི་དཔོན་པོ་མིན་མོད་སྡེ་ཁག་གཞན་རེད། ཡིན་ནའང་འདི་ལྟར་ཁ་ཡ་མ་བྱས་ན་མི་འགྲིག སོང་ནས་ཁོང་ལ་དགོངས་དག་ཞུས་ན་འགྲིག་སྙམ།”ཡང་བསྐྱར་གློ་ལུ་ཐེངས་གཅིག་བྱས་པས་ལུས་པོ་མདུན་དུ་བསྒུར་ནས་དམག་དཔོན་གྱི་རྣ་ལམ་དུ་སྐད་ཆུང་ངུས་བཤད་རྒྱུར།

          “དམག་དཔོན་ལགས། ངས་བསམ་བཞིན་དུ་མཆིལ་མ་གཏོར་བ་མིན། ང་ལ་རང་དབང་མི་འདུག་དགོངས་དག་ཞུ”

          “སྐྱོན་མེད། སྐྱོན་མེད”

           “གོང་མས་ངོ་བལྟས་ནས་གུ་ཡངས་གནང་རོགས།  ངས་བསམ་བཞིན་མིན་པ་ཤེས་དགོས”ཞེས་སོགས་སྨྲས།

           “ཨེ་སར་བཞུགས་ནས། ཚང་མར་ཉན་དུ་འཇུག”

            སྐབས་དེར་ཁོའི་སེམས་སུ་འཚུབ་ཆ་ལངས་སོང་། ཁོས་གླེན་དགོད་ཅིག་བྱས་ནས་གར་སྟེགས་ཀྱི་འཁྲབ་སྟོན་ལ་བལྟས་མོད། ཡིད་ལ་སྤྲོ་སྣང་མེད་པར་གྱུར། ཁོར་ཅི་ལས་འདི་ལས་མེད་ལ་སེམས་མི་བདེ་བར་གྱུར། འཁྲབ་མཚམས་ངལ་གསོའི་སྐབས། ཁོས་ལོ་ཧྥུ་ཡི་མདུན་ནས་ཕར་འགྲོ་ཚུར་འགྲོ་བྱེད་པ་དང་། མཐར་སྤོབས་པ་ཆེན་པོས“ངའི་མཆིལ་མ་ཁྱེད་ཀྱི་ལུས་སྟེང་དུ་ཟེགས་སོང་བས། ཁྱེད་ཀྱིས་ངེས་པར་དུ་བཟོད་སྒོམ་གནང་རོགས་ངས་བསམ་བཞིན་དུ་བསྒྲུབ་པ་མིན་པ་ཤེས་དགོས”ཞེས་སོགས་སྨྲས།

           “ཨེ། འགྲིག་སོང་ངས་དོན་དེ་བརྗེད་ཚར། ཁྱོད་ཀྱིས་ཡང་བསྐྱར་བཤད་དོན་ཅི།”

            “ཁོང་གིས་བརྗེད་སོང་ངམ། འོན་ཀྱང་ཁོའི་མིག་མདངས་ལ་བལྟས་ན་བརྗེད་མེད་པ་འདྲ”ཁོས་ལྐོག་ཏུ་དེ་ལྟར་བསམ། དུས་ངེས་མེད་དུ་དོགས་པ་སྐྱེས་ནས་ཁོ་ལ་བལྟས་། “སྐད་ཆ་ཚིག་གཅིག་ཀྱང་བཤད་འདོད་མེད། མ་གཞི་ཁོང་ལ་ངས་གཏན་ནས་བསམ་བཞིན་དུ་བསྒྲུབ་པ་མིན་ཞེས་འགྲེལ་བཤད་གསལ་པོ་རྒྱག་འདོད་དང་དེ་ནི་རང་བྱུང་གི་ཆོས་ཉིད་རེད་དེ་ལྟར་མ་བཤད་ན་ཁོས་ངས་བསམ་བཞིན་དུ་རེད་འདོད། ཁོས་ད་ལྟ་འདི་ལྟར་མི་འདོད་མོད། རྗེས་སུ་དེ་ལྟར་བསམ་ངེས”

             ཕྱིར་ཁྱིམ་དུ་ལོག་རྗེས་རང་ཉིད་ཀྱི་བཟོ་ལྟ་ཤོར་བའི་གནས་ཚུལ་དེ་ཆུང་མར་བཤད། ཁོས་བསམ་པར་ཆུང་མས་དོན་དག་གནས་ཚུལ་དེར་དོ་སྣང་དེ་འདྲ་མི་བྱེད་ལ།  ཁོ་མོར་སྔོན་ལ་སྐྲག་ཕུད་སོང་། འོན་ཀྱང་ཕྱིས་སུ་ལོ་ཧྥུ་ནི“སྡེ་ཁག་གཞན་པའི་རེད”ཅེས་བཤད་པས་བློ་བདེ་ལ་བབས་སོང་།།

            ཉིན་གཉིས་པར། ཆེ་ཨེར་ཝེ་ཡ་ཁོ་ཧྥུ་ཡིས་ལས་གོས་གསར་བ་གྱོན་ནས་དམག་དཔོན་ལོ་ཧྥུ་འཚོལ་དུ་སོང་ནས། འགྲེལ་བཤད་རྒྱག་ཏུ་སོང་།  དམག་དཔོན་གྱི་སྣེ་ལེན་ཁང་དུ་འཛུལ་སྐབས། ཁོང་ལ་མཇལ་འཕྲད་གནང་མཁན་མང་དུ་ཡོད་པ་མཐོང་། དམག་དཔོན་གྱིས་མི་འགའ་ལ་མཇལ་འཕྲད་གནང་རྗེས།  མགོ་ཡར་དགྱེས་ནས་ཆེ་ཨེར་ཝེ་ཡ་ཁོ་ཧྥུ་ལ་བལྟས།

          ཁ་སང་། ཟློས་གར་ཁང་དུ། གལ་ཏེ་ཁྱེད་ཀྱི་དྲན་ཚེ། བདག་གིས་ཧབ་ཆི་བྱས་ཏེ་མཆིལ་མ་ཁྱེད་ཀྱི་ལུས་སྟེང་དུ་ཟེགས་སོང་།  མཉམ་མ་བཞག་ས་ནས་ཡིན་པས་ཁྱེད་ཀྱིས་གུ་ཡངས་སུ་གཏོང་རོགས།  ཉོག་གཏམ་ཅི་ཞིག   གནམ་རྒན་མས་ཅི་ཡིན་པ་ཤེས།  དམག་དཔོན་ཕར་འཁོར་ནས་དེའི་རྗེས་ཀྱི་འཚམས་འདྲིར་ཡོང་མཁན་ལ།  ཁྱེད་རང་ལ་ལས་ཀ་ག་རེ་ཡོད།

          ཆེ་ཨེར་ཝེ་ཡ་ཁོ་ཧྥུ་ཡི་ངོ་མདོག་སྐྱ་བོར་གྱུར་ནས་ཕར་བལྟས་ན་ཁོ་རང་ཁོང་ཁྲོ་ལངས་སོང་འགྲིག་གི་མ་རེད་བསམས། དོན་དག་འདི་དེ་འདྲ་བྱས་ན་མི་འགྲིག་པས། འགྲེལ་བཤད་གསལ་པོ་ཞིག་རྒྱག་དགོས་བསམ།  དམག་དཔོན་གྱིས་ཆེས་གཞུག་མ་དེ་མཇལ་འཕྲད་གནང་ཚར་ནས་ཕྱིར་ཁང་བའི་ནང་མ་ལོག་སྐབས། ཆེ་ཨེར་ཝེ་ཡ་ཁོ་ཧྥུ་ཡིས་གོམ་པ་གཅིག་གིས་རྗེས་ཆོད་པ་བྱས་ནས་སླར་ཡང་བཤད་ཕོད་ལ་མ་ཕོད་པའི་ངང་ནས།

          སྐུ་ངོ་། གལ་ཏེ་སྐུ་ཉིད་ལ་བར་ཆད་བཟོས་ན། དེ་ནི་འགྱོད་བཤགས་བྱས་པའི་སེམས་ཁམས་ཁོ་ན་མཚོན་བྱེད་ཡིན། ངས་དངོས་གནས་བསམ་གནག་པ་མིན།  ཁྱེད་ཀྱིས་བཟོད་སྒོམ་གནང་རོགས།  ངུ་འབོད་བྱེད་པ་ལྟ་བུའི་ཉམས་འགྱུར་ཞིག་བསྟན་ནས་ལག་གཡུགས་ཙམ་བྱས་ནས།

         ཁྱེད་རང་གིས་ཀུ་རེ་མ་བྱེད། སྐུ་ཞབས་ལགས།  དམག་དཔོན་གྱིས་སྐད་ཆ་དེ་བཤད་ཚར་རྗེས་ནང་དུ་འཛུལ་སོང་།

         ཆེ་ཨེར་ཝེ་ཡ་ཁོ་ཧྥུ་ཡིས་ཅི་ཞིག་ལ་ཀུ་རེ་འདི་འདྲ་བྱེད་དམ།  ཀུ་རེ་རྩེས་པ་གཏན་ནས་མིན། དམག་དཔོན་ཞིག་ཡིན་པའི་ངོས་ནས་ཀྱང་གནས་ལུགས་མི་ཤེས་པ། དེ་འདྲ་ཡིན་ཚེ། ངས་ད་གཏན་ནས་དགོངས་དག་ཞུ་རྒྱུ་མིན། ངས་ཁོ་ལ་འཕྲིན་ཡིག་ཅིག་བྲིས་ནས། ད་ནས་བཟུང་ཡོང་གི་མིན།  ངོ་མ་ད་ཡོང་གི་མིན། འདོད་བཞིན་ཕྱིར་ཁྱིམ་དུ་ལོག་རྩིས་བྱས་མོད། འོན་ཀྱང་དམག་དཔོན་ལ་འཕྲིན་ཡིག་འབྲི་རྒྱུ་མ་བྱུང་ལ། བསམ་བློ་ཕར་གཏོང་ཚུར་གཏོང་བྱས་ནས་འཕྲིན་ཡིག་འདི་ཇི་ལྟར་འབྲི་དགོས་མ་ཤེས་པས།

         ཡང་བསྐྱར་ཉིན་ཞིག་ལ་དམག་དཔོན་རང་ཉིད་བཙལ་ནས་གསལ་བཤད་མི་བྱེད་ཀ་མེད་བྱུང་།

         ང་ཁ་སང་ཡོང་ནས་སྐུ་ཉིད་ལ་བར་ཆད་བཟོས་སོང་།   དམག་དཔོན་གྱིས་དོགས་པ་སྐྱེས་པའི་མིག་མདངས་ཀྱིས་བལྟས།  ཡིན་ནའང་། ཁྱེད་ཀྱིས་བཤད་པ་ནང་བཞིན།  ཀུ་རེ་གཏན་ནས་མིན། ང་ཡོང་ནས་ཁྱེད་ལ་དགོངས་དག་ཞུ་བ་ཡིན།    དེའི་རྒྱུ་མཚན་ནི་ངས་ཁྱེད་ཧབ་ཆི་རྒྱག་སྐབས་མཆིལ་མ་ཁྱེད་ཀྱི་ལུས་སྟེང་དུ་ཟེགས་སོང་བས་དམག་དཔོན་ཀུ་རེ་ལ།   ངས་བསམ་བློ་འཁོར་མ་མྱོང་།   གལ་ཏེ་ང་ཚོ་དངོས་གནས་ཀུ་རེ་འདྲ་བྱས་ཚེ། ཁྱེད་ལ་བརྩི་འཇོག་མ་བྱས་པ་རེད་ཅེས་བཤད་པ་རེད།

         ཕྱིར་སོང་ཞེས་དམག་དཔོན་གྱི་གློ་བུར་དུ་ངོ་མདངས་སྔོན་པོར་གྱུར་ཏེ་ལུས་ཡོངས་འདར་སུག་གི་སྐད་གསང་མཐོན་པོས་དེ་ལྟར་བཤད།

         ཅི་ཞིག  དམག་དཔོན་སྐད་ཆུང་ངུས་དྲིས་ལ། སྐབས་དེར་ཁོ་སྐྲག་ཐག་ཆོད་པར་གྱུར།

          དམག་དཔོན་གྱིས་ཡང་བསྐྱར་ཕྱིར་སོང་ཞེས་འུར་བརྒྱབ་བྱུང་།

          ཆེ་ཨེར་ཝེ་ཡ་ཁོ་ཧྥུ་ལ་གློ་བུར་དུ་རང་གི་ཕོ་བའི་ནང་གི་དངོས་པོ་ཅི་ཞིག་ཆག་སོང་སྙམ་པའི་ཚོར་བ་སྐྱེས་ལ། ཅི་ཡང་མི་མཐོང་ལ་གང་ཡང་མི་གོ་བར་གྱུར། ཁོས་གོམ་པ་རེ་རེ་བཞིན་ཕྱིར་སྣུར་བྱས་ནས་སྒོ་ཁར་ཐོན། རིམ་བཞིན་ཁྲོམ་གཞུང་དུ་གོམ་པ་སྤོ་དཀའ་བའི་ངང་སོང་། ཁོང་མགོ་འཐོམས་པའི་ངང་ཕྱིར་ཁྱིམ་དུ་ལོག་སྟེ་ལྭ་གོས་ཀྱང་མ་ཕུད་པར་འབོལ་ཁྲིའི་སྟེང་ལོག  ཕྱིས་སུ་ཁོ་ཤི་སོང་།།

རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།