འགན་འཁྲི་སྔོན་འགྲོ་བྱེད་ནས་དུས་རབས་གསར་བའི་ལམ་ཆེན་དུ་བསྐྱོད།

རྩོམ་པ་པོ།   མགོན་པོ་བཀྲ་ཤིས། དུས་ཚོད།   2018-01-10རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

སྒྲིག་པ་པོའི་གཏམ།  

        འདས་པའི་ལོ་ངོ་གཅིག་གི་རིང་། འཛམ་ཐང་རྫོང་ཨུ་རྫོང་སྲིད་གཞུང་གིས་དཔལ་འབྱོར་གྱི་སྤྱི་ཁོག་གནས་བབ་ལ་གདོང་གཏད་ནས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་བྱེད་པ་གནད་དུ་བཟུང་སྟེ། ཀྲུང་དབྱང་དང་ཞིང་ཆེན་ཁུལ་བཅས་ཀྱི་ཐབས་ཇུས་ལག་ལེན་དཔྱིས་ཕྱིན་པར་བྱས། རྫོང་གོང་འོག་མཐུན་སྒྲིལ་གྱི་ལག་ཟུང་གཅིག་ཏུ་སྦྲེལ་ཏེ་སྤྲང་ཁུག་ཀུན་ནས་དོར་བའི་ཕྱོགས་སུ་འབད་པ་ལྷུར་ལེན་བྱེད་པ་དང་། འཕེལ་རྒྱས་གཞི་རྩ་བཟུང་སྟེ་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་དམངས་ཕན་བྱ་གཞག་ལ་འབད་འབད་དུང་དུང་བྱས་པས། རྫོང་ཧྲིལ་བོའི་དཔལ་འབྱོར་འཕེལ་རྒྱས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཁུར་དུ་ལྕི་བ་བླངས་ཏེ། དུས་རབས་གསར་བའི་རྣམ་པ་མངོན་པར་མ་ཟད་གྲུབ་འབྲས་གསར་བའང་མངོན།     

        ཏང་གི་ཚོགས་ཆེན་བཅུ་དགུ་བ་ནས་བཟུང་སྟེ། འཛམ་ཐང་རྫོང་གི་མི་དམངས་ཀུན་གྱིས་རྣམ་དཔྱོད་དང་སྟོབས་ཤུགས་ཡོད་ཚད་གཅིག་ཏུ་བསྒྲིལ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་འོས་འགན་སོ་སོར་ལག་ལེན་དཔྱིས་ཕྱིན་པར་བྱས་ཏེ། སྤྱི་ཚོགས་འབྱོར་འབྲིང་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པར་སྟོབས་ཤུགས་བསྩལ་བར་མ་ཟད། ཀྲུང་གོའི་ཕུགས་འདུན་ཏེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་དུ་འགྱུར་བར་སྟོབས་ཤུགས་བསྩལ། དུས་རབས་གསར་བར་རྣམ་པ་གསར་བ་དགོས་ཤིང་གྲུབ་འབྲས་གསར་བ་དེ་བས་ཀྱང་དགོས་གལ་ཆེ། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དང་འཛམ་ཐང་རྫོང་ཨུའི་ཧྲུའུ་ཅི་འཇམ་དཔལ་གྱིས། འཆར་གཞི་ནི་མི་དམངས་ཀྱི་ཆེད་ཡིན་པ་དང་ཕུགས་འདུན་ནི་མི་དམངས་ལ་བརྟེན་ནས་མངོན་དུ་འགྱུར་དགོས། ཞེས་བཤད།   

         སྤྱི་ལོ2018ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་དཔྱིས་ཕྱིན་པར་བྱེད་པའི་འཇུག་སྒོ་ཡིན་ལ། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུ་ལོན་པར་མ་ཟད། སྤྱི་ཚོགས་འབྱོར་འབྲིང་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པའི་ཐུན་མིན་གྱི་ལོ་ཞིག་ཀྱང་ཡིན། གཞན་དུ་ན། འཛམ་ཐང་རྫོང་གསར་དུ་བསྐྲུན་ནས་ལོ་འཁོར་དྲུག་ཅུ་འཁོར་བ་ཡིན། དུས་རབས་གསར་བའི་ལོ་རྒྱུས་ཀྱི་སྡིངས་ཆའི་ཁྲོད་འཛམ་ཐང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རྫོང་གོང་འོག་གི་མི་དམངས་ཀུན་གྱི་སྣེ་ཁྲིད་དེ། ཐོག་མའི་འགན་འཁྲི་ཡིད་ལ་བྱེད་ནས་མུ་མཐུད་དུ་མདུན་བསྐྱོད་བྱས་ཏེ། དུས་རབས་གསར་བའི་ལམ་ཆེན་དུ་བསྐྱོད་པར་ཡིད་ཆེས་ཀྱིས་ཉེ་བར་ཁེངས་ཡོད་དོ།།

        ལས་གཞིའི་རྣམ་གྲངས་མཐེབ་ཀྱི་མ་དངུལ་ཇེ་མང་དང་ཐོན་ལས་སྔར་ལས་འཕེལ་རྒྱས། ནོར་ཁྲལ་གྱི་ཡོང་སྒོ་ཇེ་མང་དང་འགྲིམ་འགྲུལ་སྔར་ལས་སྟབས་ཇེ་བདེ། ཞིང་གྲོང་གི་འཛུགས་སྐྲུན་ལོ་རེ་ནས་ལོ་རེར་གཞི་རྒྱ་ཇེ་ཆེར་ཡིན་པས་མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་ཞིང་ཡོང་སྒོའང་དེ་བསྟུན་གྱིས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་དོ།།

         ཀ རིག་གནས་འཕེལ་རྒྱས་ནི་དབུལ་སྐྱོར་ལས་ཐར་བའི་འཇུག་ངོགས་ཡིན།

          སྤྱི་ལོ2017ལོའི་ཟླ12ཚེས16ཉིན། ཛམྦྷལའི་ཇོ་ནང་དངོས་མིན་ཤུལ་བཞག་རིག་གནས་གྱི་བགྲོ་གླེང་ཧྲང་ཧའེ་གྲོང་ཁྱེར་གྱི་ཆིང་ཕུའུ་ས་ཁུལ་གྱི་ཅིན་ཙེའི་གནའ་མཁར་དུ་བསྡུས་ཤིང་། ཀྲུའུ་ཆིང་ཧྲི་དང་ཧྲེན་ཝེ་རུང་། ཆན་ཝུན་ཀྲུང་། ཞེ་ཞུས་ཧྲེང་སོགས་མཁས་པ་དང་སྒྱུ་རྩལ་བ་དྲུག་ཅུ་ལྷག་ཐེངས་དེའི་བགྲོ་གླེང་དུ་ཕེབས་ཤིང་། རིག་གནས་རྒྱུན་འཛིན་དང་ཞིང་གྲོང་འཕེལ་རྒྱས་ཞེས་པ་སོགས་བརྗོད་སྙིང་དུ་བཟུང་ནས་བསམ་བློ་བརྗེ་རེས་བྱས།  

          སྤྱི་ལོ2017ལོའི་ཟླ12ཚེས25ཉིན། འཛམ་ཐང་བར་མའི་གྲོང་རྡལ་གྱི་དངོས་མིན་ཤུལ་བཞག་རིག་གནས་གྱི་ར་སྐོར་དུ། བོད་རང་གི་ཁྱད་ཆོས་མངའ་བའི་ཁང་བ་བདུན་ཅུ་ལྷག་གསར་དུ་བསྐྲུན། འཛམ་ཐང་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དར་རྒྱས་ཀྱིས། མི་འགྱང་བར་འདི་གའི་ར་སྐོར་དུ་དངོས་མིན་ཤུལ་བཞག་རིག་གནས་རྒྱུན་འཛིན་བྱེད་སའི་ཁང་བ་བཅུ་བཞི་བསྐྲུན་རྒྱུ་ཡིན། འཛམ་ཐང་རིག་གནས་ལ་དུང་ཞེན་ཡོད་པའི་སྐུ་མགྲོན་རྣམས་གནས་འདིར་བསྡད་ནས་ས་གནས་ཀྱི་ཐུན་མིན་རིག་གནས་ལ་རྒྱུས་ལོན་ཟབ་མོར་བྱེད་ཆོག་ཅེས་བཤད།    

          འཛམ་ཐང་གིས་དངོས་མིན་ཤུལ་བཞག་རིག་གནས་གྱི་གླིང་ཀ་གསར་དུ་བསྐྲུན་པ་ནི་བོད་ཆའང་དབྱི་གསུམ་གྱི་རིག་གནས་བརྗེ་རེས་བྱེད་སའི་སྡིངས་ཆ་ཡིན་ལ། རིག་གནས་དང་ལྗོངས་སྐོར་གཉིས་གཅིག་གྲོགས་གཅིག་ལ་བརྟེན་ནས་འཕེལ་རྒྱས་སུ་འགྲོ་བའི་རྣམ་པའང་ཡིན།  

         འཛམ་ཐང་ནི་རྒྱལ་ཁབ་རིམ་པའི་དབུལ་ཞིང་ཕོངས་པའི་རྫོང་ཞིག་ཡིན་པའི་ཆ་ནས། དངོས་མིན་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་པའི་ཆ་རྐྱེན་ཤིན་ཏུ་ཉམས་དམའ་བ་དང་། མང་ཚོགས་ཀྱི་ཡོང་འབབ་ཉུང་བས་ཕྱུག་འགྱུར་གྱི་ལམ་དུ་འགྲོ་བར་དཀའ་བའི་གནས་སུ་ལུས། སྤྲང་ཁུག་དོར་ནས་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་པར་ཧ་ཅང་དཀའ་བ་སོགས་ཀྱི་གནད་དོན་མང་བོ་ལྷག་ཡོད། འཛམ་ཐང་རྫོང་གིས་གནད་དོན་དེ་དག་ལ་གཞིགས་ནས་ས་གནས་རང་གི་ཐུན་མིན་གྱི་ཤུལ་བཞག་རིག་གནས་སྔོག་འདོན་བྱས་ནས། རིག་གནས་རྒྱུན་འཛིན་དང་དར་སྤེལ་གྱི་དྲི་བསུང་འཐུལ་བའི་ཐོན་ལས་ས་ཁུལ་གསར་དུ་བསྐྲུན། དེས་རིག་གནས་དང་ལྗོངས་རྒྱུ་གཉིས་གཅིག་གིས་གཅིག་ལ་བརྟེན་ནས་འཕེལ་རྒྱས་སུ་འགྲོ་བར་རྟིང་སྐུལ་བྱས་པས། རིག་གནས་ཀྱི་ཐོན་ལས་ནི་འཛམ་ཐང་རྫོང་གི་ཐོན་ལས་ཀུན་གྱི་ཀ་བ་ལྟ་བུར་གྱུར། དེ་ལྟ་བས་ན། ད་ལྟ་རྫོང་གོང་འོག་ཏུ་ཤུལ་བཞག་རིག་གནས་རྒྱུན་འཛིན་བྱེད་སའི་ཁང་བ་ཉེར་དྲུག་བསྐྲུན་ཡོད།   

        རིག་གནས་འཕེལ་རྒྱས་ནི་དབུལ་སྐྱོར་ལས་ཐར་བའི་འཇུག་ངོགས་ཡིན་ལ་སྤྱི་ཚོགས་འབྱོར་འབྲིང་དུ་བསྐྱོད་པའི་གྲོགས་དན་ཡང་ཡིན་པས། འཛམ་ཐང་རྫོང་གིས་རིག་གནས་འཕེལ་རྒྱས་ཀྱི་ལམ་དུ་སྐྱོད་པའི་གཡར་དམ་སྙིང་ལ་བཅངས། དེ་ལྟར་ཐབས་བརྒྱ་ཇུས་སྟོང་གིས་རླུང་ཁའི་མར་མེ་ལྟར་ཟིམ་ལ་ཉེ་བའི་དམངས་ཁྲོད་སྒྱུ་རྩལ་སྔོག་འདོན་བྱས། དེ་ལྟར་དམངས་ཁྲོད་སྒྱུ་རྩལ་ས་གནས་མི་དམངས་ཀྱི་གུད་དུ་ལོག་པར་མ་ཟད་རྒྱུན་འཛིན་དང་དར་སྤེལ་གྱི་གསོན་ཤུགས་དལ་གྱིས་རྒྱས། ཤུལ་བཞག་རིག་གནས་རྒྱུན་འཛིན་བྱེད་སའི་ཁང་བ་གཅིག་རྗེས་གཉིས་མཐུད་དུ་གསར་དུ་བསྐྲུན་པས་དངོས་མིན་ཤུལ་རིག་གནས་སྔོག་འདོན་དང་རྒྱུན་འཛིན། དར་སྤེལ་གཏོང་བ་བཅས་ཀྱི་རྣམ་གཞག་ཆ་ཇེ་ཚང་དུ་འགྲོ་བཞིན་གདའོ།།

        ཁ། སྐྱེ་ཁམས་སྲུང་སྐྱོང་ནི་ཁོར་ཡུག་མཛེས་པའི་རུ་མ་དང་དཔལ་འབྱོར་རྒྱུན་མཐུད་ཡོང་བའི་རྩ་བ་ཡིན།          

       ན་ནིང་གི་ཟླ་བརྒྱད་པའི་ཚེས་བཅུ་བདུན་ཉིན། སྤྱི་ལོ2017ལོའི་སི་ཁྲོན་ན་འདམ་སྐྱེ་ཁམས་ལྗོངས་སྐོར་དུས་སྟོན་དང་འཛམ་ཐང་ན་མོ་ཆེའི་ན་འདམ་སྐྱེ་ཁམས་ལྗོངས་རྒྱུ་སྟེ་ཛམྦྷལ་དུས་སྟོན་ཐོག་མ་དེ་འཛམ་ཐང་རྫོང་དུ་སྒོ་འཕར་ཡོངས་སུ་ཕྱེས།  

       འཛམ་ཐང་རྫོང་དུ་ས་ཁྱོན་སྤྱི་ཆིང་ཁྲི་བཅུ་ལྷག་ཡོད་ཅིང་སྐྱེ་ཁམས་སྲུང་སྐྱོང་ལས་དོན་ཀུན་གྱི་ཐོག་མར་བཟུང་། དེ་ནི་ཁོར་ཡུག་མཛེས་པའི་རུ་མ་དང་དཔལ་འབྱོར་རྒྱུན་མཐུད་ཡོང་བའི་རྩ་བ་ཡིན། 

        འཛམ་ཐང་རྫོང་གིས་དངོས་ཤུགས་བརྒྱུད་གསུམ་ནས་ན་མོ་ཆེའི་ལྟེ་སྙིང་ལ་གནོད་པ་མི་བྱེད་པར་འབད་པ་ལྷུར་ལེན་བྱས་ཤིང་། དེ་དང་བསྟུན་ནས་རོང་འབྲོག་མི་དམངས་ཀུན་གྱིས་ན་མོ་ཆེ་སྲུང་སྐྱོང་དགོས་པར་སྐུལ། ལོ་རེར་ས་གནས་མི་དམངས1491ལྷག་ལ་འགྲོ་གྲོན་སྒོར་ཁྲི་ལྔ་བརྒྱ་ལྔ་བཅུ་བཏང་ནས་ན་མོ་ཆེའི་སྐྱེ་ཁམས་སྲུང་སྐྱོང་བྱེད་དུ་བཅུག་དང་འཇུག་གིན་ཡོད། ན་མོ་ཆེའི་སྐྱེ་ཁམས་སྲུང་སྐྱོང་བ་རྣམས་ཀྱིས་འབྲོག་དམངས་ཚོས་གང་དགར་ཕྱུགས་ཟོག་འཚོ་བ་དང་གང་འདོད་འདོད་དུ་སྤང་རྐོ་བ་སོགས་ལ་དོ་དམ་བྱས་པར་མ་ཟད། དེ་དང་བསྟུན་ནས་ན་མོ་ཆེའི་གད་སྙིགས་ལའང་དོ་དམ་བྱེད་བཞིན་གདའ།  

        འཛམ་ཐང་རྫོང་འཛམ་ཐང་བར་མ་གྲོང་རྡལ་ཡག་མདོ་སྡེ་བའི་ཏང་ཀྲུའུ་པུའུ་ཧྲུའུ་ཅི་ཀྲུང་ཐེ་ཡིས།   སྔོན་ཆད། མི་དམངས་རྣམས་ཀྱིས་ན་མོ་ཆེ་རུ་སྤང་སྤོས་དང་འདམ། རྡོ། བྱེ་མ་སོགས་རྟག་པར་བརྐོས་པ་རེད།    ན་མོ་ཆེ་ཤིན་ཏུ་ཁ་ཞེང་ཆེ་བས་ང་ཚོས་སྐབས་ཐོག་སྐབས་ཐོག་ཏུ་སྲུང་སྐྱོང་བྱེད་མི་ཐུབ། ན་མོ་ཆེའི་སྐྱེ་ཁམས་སྲུང་སྐྱོང་བ་བསྐོས་པ་ནས་བཟུང་དུས་ཐོག་ཏུ་སྲུང་སྐྱོང་བྱེད་ཐུབ་ཅེས་བཤད། 

       སྲིད་ཇུས་དང་ཐབས་ལམ་རབ་དང་རིམ་པ་བཏོན་པར་བརྒྱུད། གང་འདོད་འདོད་དུ་སྨན་རྐོ་བ་དང་རྩྭ་འབྲེག་པ། ཕྱུགས་ཟོག་ཚད་ལས་བརྒལ་བ་འཚོ་བ་སོགས་ཀྱི་རྐྱེན་ལ་བརྟེན་ནས་ན་མོ་ཆེ་སྐམ་ལ་ཉེ་བའི་ཉེན་ཁར་ཐུག ཡིན་ནའང་། ད་ལྟའི་ན་མོ་ཆེ་ནི་ཆུ་དང་རྩི་ཤིང་སྣ་ཚོགས་ཀྱིས་ཡོངས་སུ་བརྒྱན་འདུག ན་མོ་ཆེའི་སྐྱེ་ཁམས་ཇེ་བཟང་དུ་སོང་བ་བསྟུན་ནས་ལྗོངས་རྒྱུ་བའང་དེ་བསྟུན་གྱིས་ཇེ་མང་དུ་སོང་། ས་གནས་རང་གི་ཐུན་མིན་གྱི་ཁྱད་ཆོས་ལེགས་པར་བེད་སྤྱད་ནས་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་བགྲོད་པར་ཇུས་ཆེན་གསར་བ་བཏོན་པར་གཅེས་སོ།།

        ག  འགྲིམ་འགྲུལ་སྟབས་བདེས་དམངས་ལ་བདེ་སྐྱིད་བསྐྲུན།

        མི་ཡུལ་གྱི་དག་ཞིང་སྟེ་ཛམྦྷལ་ནི་སི་ཁྲོན་གྱི་ནུབ་བྱང་གི་ཞིང་ཁམས་སྡུག་གུ་བཀྲ་བ་ཞིག་ཡིན་ལ། བོད་ཆའང་རིག་གནས་ཀྱི་ཕྱུག་བུར་གཏམས་པའི་ཕ་ས་ཞིག་ཀྱང་ཡིན། ལོ་མང་རིང་། འགྲིམ་འགྲུལ་ཤིན་ཏུ་ཉམས་དམའ་བའི་རྐྱེན་གྱིས་གནས་འདིའི་དགེ་མཚན་ཤེས་མཁན་ཤིན་ཏུ་དཀོན།

        ཕྱུག་འགྱུར་གྱི་ལམ་དུ་སྐྱོད་པའི་སྔོན་འགྲོ་ནི་འགྲིམ་འགྲུལ་གྱི་རྣམ་གཞག་ཆ་ཚང་བསྐྲུན་རྒྱུ་དེ་ཡིན། ཚིག་འདི་ནི་འཛམ་ཐང་མི་དམངས་ཀུན་གྱི་ངག་ཏུ་རླུང་ལྟར་གྲགས་པའི་གདམས་ངག་ཅིག་ཡིན། ལོ་འདི་དག་རིང་། ཏང་དང་སྲིད་གཞུང་གི་བྱམས་བརྩེ་དང་ཐུགས་ཁུར་བླ་མེད་བྱེད་པར་བརྒྱུད། འཛམ་ཐང་རྫོང་གི་འགྲིམ་འགྲུལ་འཕེལ་རྒྱས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་མངོན་གསལ་བླངས་པས་ས་གནས་མི་དམངས་ཀྱི་འཚོ་བ་དབྱར་མཚོ་ལྟར་རྒྱས།    

        སྤྱི་ལོ2017ལོའི་ཟླ5ཚེས15ཉིན། རྐམ་མདའ་ཡུལ་ཚོའི་རྐམ་མདའ་སྡེ་བའི་ཀརྨ་ལེགས་བཤད་ཐབ་ཚང་དུ་ཟས་གཡོལ་བར་བྲེལ། ཕྱོགས་གཅིག་ནས་ལྗོངས་རྒྱུ་བ་སྣེ་ལེན་བྱེད་པར་བྲེལ་ཞིང་ཕྱོགས་གཞན་ཞིག་ནས་བོད་ཁྱིམ་དགའ་བདེ་གླིང་གི་ཚོང་ལས་ལ་བྲེལ། ཀརྨ་ལེགས་བཤད་ཀྱིས། རྒྱལ་ལམ317ལེགས་པར་བསྐྲུན་ཚར་བས་ལྗོངས་རྒྱུ་བ་ཁྱུ་དང་ཁྱུ་བྱས་ནས་ངེད་ཕ་ཡུལ་དུ་ལྟ་སྐོར་དུ་ཕྱིན་པས། ས་གནས་མི་དམངས་ཀྱི་ཚོང་ལས་ཉིན་རེ་ནས་ཇེ་བཟང་དུ་འགྲོ་བཞིན་འདུག གཟའ་འཁོར་གོང་མ་ཁྲེང་ཏུའུ་ཏཱ་དབྱི་རྫོང་ནས་ལྗོངས་རྒྱུ་བ་སོར་དྲུག་ལྷག་འདི་གར་ཡོང་བ་ཡིན། ཚང་མ་ངེད་སྡེ་བའི་ནང་དུ་ཞག་འདུག་བྱེད་པ་རེད། ཉིན་གཉིས་སྔོན་ཕྱིར་རང་ཡུལ་དུ་སོང་། ད་ལྟ་ལྗོངས་རྒྱུ་བ་ཇེ་མང་དུ་འགྲོ་བཞིན་པའི་སྒང་ཡིན་ཞེས་བཤད།    

       འགྲིམ་འགྲུལ་གྱི་རྣམ་གཞག་ཆ་ཇེ་ཚང་དུ་འགྲོ་བ་དང་བསྟུན་ནས་འཛམ་ཐང་རྫོང་གི་ལྗོངས་རྒྱུའི་ལས་དོན་ཆར་རྗེས་ཀྱི་ཤ་མོ་ལྟར་བརྡོལ་བས། ཡུལ་ཚོ་དང་སྡེ་བ་སོ་སོས་ལྗོངས་རྒྱུའི་ཚོང་ལས་ལ་འབད་པ་ལྷུར་ལེན་བྱས་དང་བྱེད་བཞིན་ཡོད་དོ།།

ང་། སློབ་གསོ་ནི་འཕེལ་རྒྱས་ཀྱི་བླ་སྲོག་ཡིན།     

       ལྷུང་ལྷུང་དུ་འབབ་པའི་རྡོ་ཁོག་ཆུ་བོའི་འགྲམ་ངོགས་སུ། ཕྱིའི་བཀོད་པ་ལེགས་པའི་ཁང་བརྩེགས་མཐོན་པོ་ཞིག་རྫོང་མཁར་གྱི་གྲུ་ཟུར་དུ་ཀྲོང་ངེར་བསླངས་འདུག འདི་ནི་སྤྱི་ལོ2017ལོའི་ཟླ8པར་གསར་དུ་བསྐྲུན་པའི་བོད་རྒྱ་སྐད་གཉིས་ཀྱི་བཅའ་སྡོད་སློབ་ཆུང་ཡིན། སློབ་ཆུང་འདི་ནི་རྫོང་མཁར་གྱི་རྐ་ཆུ་ས་ཁུལ་གྱི་གསེར་ལམ་བརྒྱུད་དུ་ཆགས་ཤིང་རྫོང་མཁར་ཁད་ཤིན་ཏུ་ཉེ།

        རྔ་ཁུལ་དུ་ཆེས་མཛེས་ཤིང་ལྟ་བས་ཆོག་མི་ཤེས་པ་ནི་སློབ་གྲྭའི་བཟོ་བཀོད་རེད། དེ་ནི་འཛམ་ཐང་རྫོང་དུ་དངོས་སུ་ཉམས་སུ་མྱོང་ཐུབ། སློབ་གྲྭའི་གུད་དུ་ཆུ་འགྲམ་གྱི་ར་བས་ཡོངས་སུ་བརྒྱན་ཅིང་རྒྱབ་རི་ནི་ཚང་ཚིང་གཡུ་ལོ་བཀྲ་བའི་ནགས་ཀློང་གིས་བསྐོར། སློབ་གཙོ་གསེར་སྒྲོན་གྱིས། སྔོན་ཆད་མེ་ཏོག་གི་ལྡུམ་ར་དང་མཚུངས་པའི་སློབ་གྲྭ་འདི་འདྲ་བ་རྫོང་མཁར་དུ་བསྐྲུན་ཐུབ་པར་སུ་གང་གི་བློ་ལའང་ཤར་མ་མྱངས། ད་ལྟར་དངོས་སུ་མེ་ཏོག་གི་ལྡུམ་ར་དང་འདྲ་བའི་སློབ་གྲྭ་གསར་དུ་བསྐྲུན། གཞུག་ཕྱོགས་དགེ་རྒན་རྣམས་ཀྱིས་མེ་ཏོག་དང་འདྲ་བའི་སློབ་མ་གསོ་སྐྱོང་བྱ་དགོས་ཞེས་བཤད།    

        བཅའ་སྡོད་སློབ་ཆུང་བསྐྲུན་རྒྱུའི་མཐེབ་མ་དངུལ་སྒོར་དུང་ཕྱུར་གཅིག་ལྷག་གི་འགྲོ་གྲོན་བཏང་ཞིང་སློབ་གྲྭའི་རྒྱ་ཁྱོན་མུའུ་ང་དྲུག་ཡོད་པ་དང་། སློབ་མ1925ཡོད་ལ་དགེ་རྒན200ཉེ་བར་ཡོད། འདི་འདྲའི་གཞི་རྒྱ་ཆེ་བའི་སློབ་གྲྭ་རྫོང་མཁར་དུ་གཅིག་མ་གཏོགས་མེད། སློབ་གྲྭ་རྙིང་བའི་དགེ་སློབ་ཀུན་པོ་སློབ་གྲྭ་གསར་བར་སྤོས་ཟིན།      

        ཡུལ་ཚོ་དང(གྲོང་རྡལ)བཅུའི་སློབ་ཆུང་གི་ལོ་རིམ་བཞི་བ་ནས་དྲུག་པའི་བར་གྱི་སློབ་མ་རྫོང་མཁར་གྱི་སློབ་ཆུང་དུ་བརྫངས་ཤིང་། རྐམ་མདའ་ཡུལ་ཚོའི་སློབ་ཆུང་གི་ལོ་རིམ་དང་བོ་ནས་དྲུག་པའི་བར་གྱི་སློབ་མ་རྣམས་ཀྱིས་སློབ་གྲྭ་གསར་བ་ནས་འཚོ་བ་དང་སློབ་སྦྱོང་གི་རྣམ་པ་གསར་བའི་སྦྲང་རྩིར་རོལ་བའི་བསྐལ་བ་ལྡན། 

        རྫོང་མཁར་གྱི་གསེར་ལམ་བརྒྱུད་དུ་ཆགས་པའི་མེ་ཏོག་གི་ལྡུམ་ར་དང་ཀུན་ནས་མཚུངས་པའི་སློབ་ཆུང་དུ། རོང་འབྲོག་མི་དམངས་ཀྱི་ན་ཆུང་བྱིས་པ་རྣམས་ཀྱིས་ཁྱད་འཕགས་ཀྱི་སློབ་གསོ་ལོངས་སུ་སྤྱོད་ཐུབ་ཅིང་།   དེ་ལས་སློབ་གསོ་ནི་འཕེལ་རྒྱས་ཀྱི་བླ་སྲོག་ཡིན་པ་གསལ་བོར་རྟོགས་ཐུབ་པར་མ་ཟད། བྱིས་པ་ནི་མེས་རྒྱལ་དང་མི་རིགས་ཀྱི་མ་འོངས་པའི་རེ་བཅོལ་བྱེད་ས་ཡིན་པ་ཝ་ལེར་རྟོགས་ཐུབ།   

       སློབ་གསོས་བསྐྱངས་པ་ནི་རེ་ལྟོས་ཡིན་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་འཛམ་ཐང་རྫོང་གི་སློབ་གསོའི་བྱ་གཞག་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་པ་ཤེས་ཐུབ། ད་ལྟ་འཛམ་ཐང་རྫོང་གི་སློབ་གསོའི་ལས་དོན་དུས་རིམ་གསར་བ་ཞིག་བསླེབས་ཤིང་། རྣམ་པ་གསར་བ་དང་གྲུབ་འབྲས་གསར་བ་ཞིག་གི་ལམ་ཆེན་དུ་བསྐྱོད་དོ།། 

རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།