ཡང་དག་པའི་སློབ་གསོ་ལས་བྱིས་པའི་མ་འོངས་པ་བསྐྲུན་ཐབས།

རྩོམ་པ་པོ།   ཕུན་ཚོགས།དུས་ཚོད།   2018-01-10རྩོམ་ཁུངས།   

གཅིག   བྱིས་པར་ཐོག་མའི་སློབ་གསོ་ཇི་ལྟར་སྔ་ན་དེ་ལྟར་བཟང་ངམ།

          དོན་དངོས་སུ་བྱིས་པར་ཐོག་མའི་སློབ་གསོ་ཇི་ལྟར་སྔ་ན་དེ་ལྟར་བཟང་ངམ་ཞེ་ན།ངའི་བསམ་པར་སྔ་གྲགས་པའི་ཐོག་མའི་སློབ་གསོ་ནི་མྱུ་གུ་བལ་ཏེ་སྐྱེ་རོགས་བྱས་པའི་དཔེ་བཞིན་དུ་འགྱུར་བར་འདོད།ཁྱིམ་བདག་གིས་བྱིས་པར་སྔ་མོ་ནས་སློབ་གསོ་མྱོང་དུ་བཅུག་ན་བྱིས་པའི་བློ་དང་མི་འཚམ་པས་ཁྲིད་བྱའི་ཤེས་བྱ་དེ་དག་སེམས་སུ་ངེས་མི་ཐུབ་པས།ཁྱིམ་བདག་གི་དཀའ་ལས་ཚང་མ་ཆུད་ཟོས་སུ་སོང་བ་མ་ཟད་བྱིས་པའི་སློབ་སྦྱོང་གི་མོས་པ་ཉམས་ཏེ་སྐྲག་སྣང་སྟེར་ཡང་སྲིད།

          ཐོག་མའི་སློབ་གསོ་ཞེས་པར་ང་ཚོའི་ཕྱོགས་གཉིས་ནས་གོ་བ་བླངས་ཆོག་སྟེ། གཅིག་ནི་མི་གཤིས་གསོ་བའི་ཐོག་མའི་སློབ་གསོ་ཡིན་ལ།  ཅིག་ཤོས་ནི་རིག་སྟོབས་གསོ་བའི་ཐོག་མའི་སློབ་གསོ་ཡིན། གང་ཡིན་ཡང་དེ་འདྲའི་སྔ་དགོས་པའི་རྒྱུ་མཚན་མེད་དེ། བྱིས་པའི་ལོ་ཚད་དང་བསྟུན་ནས་རང་བཞིན་གྱིས་ཤེས་ཐུབ་པས་རེད།

          1.ཆེས་ཕན་པའི་ཐོག་མའི་སློབ་གསོ་ནི་ཕ་མ་རང་ཉིད་ཀྱིས་སྤེལ་རེས་བྱ་རྒྱུ་དེ་ཡིན།

           ཁྱིམ་ཚང་ནང་ཁུལ་གྱི་འབྲེལ་འདྲིས་དང་སྤེལ་རེས་ཀྱིས་ནུས་པ་ཆེས་ཆེར་འདོན་ཐུབ་སྙམ། ཁྱིམ་བདག་མང་ཆེ་ཤོས་ལས་ཀར་བྲེལ་ཏེ་བྱིས་པ་ཐོག་མའི་སློབ་གསོའི་འཛིན་གྲྭར་བསྐྱལ་བཞིན་ཡོད་ལ།བྱིས་པའི་ནུས་རྩལ་ཅི་འདྲ་མང་བ་སྦྱངས་ཡོད་ནའང་ནང་སེམས་ལ་སྟོང་ཆ་ཞིག་ཡོད་པ་ནི་ནམ་ཡང་ཕ་མས་བྱམས་བརྩེ་ཐོབ་ཐབས་བྲལ་བས་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་སྲིད་དམ།

         2.ཚད་བརྒལ་གྱི་སློབ་གསོའི་གནོད་འཚེ།

          ང་ཚོ་ཆུང་དུས་སུ་གྲོང་བར་དང་ལྡུམ་ར་སོགས་ནས་བྱིས་པ་མང་པོ་དང་མཉམ་དུ་རྩེད་མོ་སྣ་ཚོགས་རྩེ་བ་མཐོང་ཐུབ་ལ། དེང་སང་ཁྱིམ་བདག་ཚང་མས་བྱིས་པ་ཚད་བརྒལ་གྱིས་སྲུང་སྐྱོང་བྱ་བ་ནི་རང་གི་བྱིས་པ་བྱིས་པ་གཞན་གྱི་རྗེས་མི་ཆོད་པར་དོགས་ནས་སློབ་ཁྲིད་རྐྱང་རྐྱང་བྱས་ནས་བྱིས་པར་སྦྱོང་བརྡར་གྱི་གོ་སྐབས་ཡེ་ནས་མེད།

གཉིས།  བྱིས་པས་བསླབ་ཚན་ཇི་ལྟར་མང་ན་དེ་ལྟར་བཟང་ངམ།

          བདེ་སྐྱིད་ད་ལོ་གྲ་སྒྲིག་འཛིན་གྲྭ་ཡིན།བདེ་སྐྱིད་ཀྱི་ཨ་མས་བདེ་སྐྱིད་དབྱིན་ཡིག་གསབ་སྦྱོང་འཛིན་གྲྭར་བསྐྱལ།བདེ་སྐྱིད་ཀྱིས་མི་དགའ་བའི་རྣམ་འགྱུར་ཞིག་སྟོན་བཞིན་ཕྱིར་རང་ཁྱིམ་དུ་ལོག་སྐབས།ཨ་མས་བདེ་སྐྱིད་ལ་དོན་ཅི་ཞིག་བྱུང་བ་དྲིས་ཚེ།བདེ་སྐྱིད་ཀྱིས་དགེ་རྒན་གྱི་སྐད་ཆ་ཚིག་གཅིག་ཀྱང་གོ་རྒྱུ་མེད་ཟེར། ཨ་མས་བདེ་སྐྱིད་ཀྱི་སློབ་སྦྱོང་གི་སྤྲོ་བ་ཉམས་པར་སྐྲག་སྟེ་ཧ་གོ་རྒྱུ་མེད་ན་ད་འགྲོ་མི་དགོས་ཞེས་བཤད།

          སློབ་སྦྱོང་གི་གནོན་ཤུགས་ཆེ་བས་སློབ་སྦྱོང་གི་སྤྲོ་སྣང་ཉམས་པར་བྱེད།

          1.བྱིས་དུས་ཀྱི་འཚོ་བ་བདེ་སྐྱིད་དང་བག་ཕེབས་ངང་རོལ་རྒྱུ་ཆེས་གལ་ཆེ།

          ནམ་རྒྱུན་མིག་མདུན་གྱི་གནས་ཚུལ་ཁོ་ན་སྟེ་རྒྱུགས་འབྲས་ཙམ་ལ་མི་བལྟ་བར་བྱིས་པའི་མི་གཤིས་གསོ་སྐྱོང་ལེགས་པོ་བྱས་ཏེ་ཀུན་སྤྱོད་བཟང་པོ་ཆགས་སུ་འཇུག་པ་ནི་ཆེས་གལ་ཆེའོ།།

          2.མོས་པ་ནི་བྱིས་པའི་སློབ་སྦྱོང་གི་སྒུལ་ཤུགས་ཡིན།

           ཅི་ཞིག་བསླབ་པ་དང་ཇི་ལྟར་བསླབས་ཀྱང་བྱིས་པར་མོས་པ་ཡོད་པས་ཆོག  བྱིས་པར་གནོན་ཤུགས་སྤྲོད་པ་ལས་གཙོ་བོ་བྱིས་བར་མོས་པ་ཡོད་མེད་ལ་བལྟ་དགོས།

           སྒྲོལ་མ་ལོ་གསུམ་གྱི་སྟེང་ནས་སྒྲ་ལ་ཉན་ཏེ་གླུ་ལེན་ཤེས་ལ།ཨ་མས་ནམ་རྒྱུན་སྒྲོལ་མར་སྒྲ་རྡུང་རྒྱུ་སྦྱོང་བརྡར་བྱས། གལ་ཏེ་ཁྱོད་ལ་སྦྱངས་རྒྱུའི་མོས་པ་མེད་ཚེ་ཨ་མར་བཤད་རོགས་ཞེས་བཤད་ན་ཡང་། སྒྲོལ་མ་ཉིན་བཞིན་བརྩོན་སེམས་ཧ་ཅང་ཆེ། སྒྲོལ་མའི་ཨ་མས་བྱིས་པར་མོས་པ་ཡོད་ཚེ་རང་བཞིན་གྱིས་བསླབ་སྲིད་ཟེར།

གསུམ། བྱིས་པ་ངེས་པར་དུ་ཆེས་བཟང་བའི་སློབ་གྲྭར་ཞུགས་དགོས་སམ།

           ཁྱིམ་བདག་མང་ཤོས་ཀྱིས་རང་གི་བུ་ཕྲུག་སློབ་གྲྭ་བཟང་ཤོས་ཤིག་ལ་ཞུགས་པར་འབད་པ་བྱེད་མོད། འོན་ཀྱང་དེ་ནི་ཁྱིམ་བདག་གིས་བསམ་གཞིགས་ནན་མོ་མ་བྱས་པས་རེད་སྙམ། བྱིས་པ་ཞིག་ལ་མཚོན་ན་རང་ཉིད་ལ་འཚམ་པའི་སློབ་གྲྭ་ནི་ཆེས་བཟང་བའི་སློབ་གྲྭ་ཡིན།

           1.ཕ་མའི་སེམས་པ་བཏང་སྙོམས་སུ་གནས་དགོས།

            བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་རྒྱུ་ནི་གནམ་འོག་གི་ཕ་མ་སུ་ཡིན་རུང་རེ་བ་ཆེ་ཤོས་ཡིན་པས། ང་ཚོ་ཁྱིམ་བདག་རྣམས་ཀྱིས་བྱིས་པ་བདེ་ཐང་དང་བག་ཕེབས་ངང་འཚར་ལོངས་འབྱུང་རྒྱུ་གཙོར་བཟུང་སྟེ་བྱིས་པ་རང་ཉིད་ལ་འཚམ་པའི་སློབ་གྲྭ་ཞིག་གདམ་དགོས།

          2.གང་འདྲ་ཞིག་ལ་ཆེས་བཟང་བའི་སློབ་གྲྭ་ཟེར།

           ཕ་མས་རང་གི་བུ་ཕྲུག་ལ་སློབ་གྲྭ་བཟང་བ་ཞིག་མ་གདམ་པའི་སྔོན་ལ། སློབ་གྲྭ་བཟང་ཤོས་ནི་ག་འདྲ་ཞིག་ལ་བརྗོད་པར་བསམ་བློ་ནན་མོ་གཏོང་དགོས། གཙོ་བོ་བྱིས་པར་བརྩོན་སེམས་རང་བཞིན་ལྡན་པ་དང་སེམས་ཁམས་ལ་སྤྲོ་སྣང་སྟེར་ཐུབ་པའི་སློབ་གྲྭ་ནི་བྱིས་པ་དེའི་ཆེས་བཟང་བའི་སློབ་གྲྭ་ཡིན་པར་འདོད།

          3.བྱིས་པ་རང་ལ་འཚམ་པའི་སློབ་གྲྭ་ནི་བྱིས་པ་དེའི་ཆེས་བཟང་བའི་སློབ་གྲྭ་ཡིན།

           ཕ་མ་སུ་ཞིག་ཡིན་ཡང་ཤེས་དགོས་པ་ཞིག་ལ་ཆེས་བཟང་པའི་སློབ་གྲྭ་ནི་རང་གི་བུ་ཕྲུག་ལ་འཚམ་པའི་ངེས་པ་མེད་པས།བྱིས་པ་བདེ་སྐྱིད་དང་བག་ཕེབས་སྒོའི་འཚར་ལོངས་འབྱུང་ནུས་པ་དང་།སློབ་སྦྱོང་ལ་སྤྲོ་བ་སྟེར་ཐུབ་པའི་སློབ་གྲྭ་ནི་བྱིས་པར་ཆེས་འཚམ་པའི་སློབ་གྲྭའམ་བྱིས་པ་དེའི་ཆེས་བཟང་བའི་སློབ་གྲྭ་ཡིན།

           4.བྱིས་པ་ཚང་མར་སློབ་གསོའི་ཐབས་ལམ་གཅིག་མཚུངས་བཀོལ་ན་འོས་འཚམ་ཡིན་ནམ།

            བྱིས་པ་དང་བྱིས་པ་མི་འདྲ་སྟེ།གཤིས་ཀ་དང་མོས་པ།རིག་སྟོབས་ཀྱི་ནུས་པ་སོགས་ལ་ཧེ་བག་ཡོད་སྲིད་པས།ཕ་མ་སུ་ཞིག་ཡིན་ན་རང་གི་བྱིས་པའི་དགའ་ཕྱོགས་དང་གཤིས་ཀ་སོགས་ལ་བསྟུན་ནས་སློབ་གསོའི་ཐབས་ཤིག་འཚོལ་དགོས་པ་ལས།གཞན་གྱི་ཐབས་དེ་བཀོལ་ཅི་ཐུབ་བྱས་ན་སློབ་གསོའི་ནུས་པ་ངེས་ཅན་ཞིག་ཐོན་ཐབས་བྲལ་ལོ།།

རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།