ཕྲེང་བ་བེད་སྤྱོད་སྟངས་ཇི་ལྟར་ཡིན།

རྩོམ་པ་པོ།   དུས་ཚོད།   2018-01-08རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར།

ཕྲེང་བའི་སྐོར་གླེང་བ།

          སྤྱིར་ཡངས་པའི་འཇིག་རྟེན་གྱི་ཁམས་ཆེན་པོ་འདིར་ཡུལ་གྲུ་གྲངས་ལས་འདས་པ་ཞིག་ཡོད་པའི་ནང་ནས་ཀྱང་བོད་ཆོས་ལྡན་གྱི་ཞིང་ཞེས་ཡོངས་སུ་གྲགས་པ་ནི་མེས་པོ་གོང་མ་རྣམས་ཀྱི་ཐུགས་གཤིས་སུ་མངའ་བའི་བྱམས་སྙིང་རྗེ་དང་བྱང་ཆུབ་སེམས་སོགས་ཀྱི་ནང་རྟགས་ཐུན་མོང་མ་ཡིན་པ་དང་། རང་རྒྱུད་བོན་གྱིས་ཐུལ་བའི་རྟགས་སུ་ཕྱི་ཡི་སྤྱོད་ལམ་ཞི་ཞིང་དུལ་བ་དག་ལ་བརྟེན་ནས་མཚན་སྙན་གྱི་ཆོ་ལོ་དེ་ཐོབ་པ་ཅི་ལ་མིན། ད་དུང་ཡོངས་གྲགས་སུ་ཕོ་མོ་མ་ནིང་སུ་ཞིག་ཡིན་རུང་རྟགས་ཀྱི་ཁྱད་འབྱེད་དགོས་པ་བཞིན། བྱེ་བྲག་ཏུ་ཆོས་ཕྱོགས་ནས་བཤད་ན། གསང་སྔགས་པ་དང་། རབ་བྱུང་བ་སོགས་སོ་སོའི་རྒྱུད་གཞུང་དང་མཐུན་པའི་ན་བཟའ་དང་ཕྱག་ཆ་སོགས་ཀྱི་རྟགས་ཀྱིས་མཚོན་ནུས་སོ་སྙམས། དེ་བཞིན་འཇིག་རྟེན་པ་ལ་ཆ་མཚོན་ན། བརྔོན་པ་དང་ཉ་པ་ཤན་པ་སོགས་སོ་སོའི་བྱ་སྤྱོད་དང་འབྲེལ་བའི་ལག་ཆ་སོགས་ལ་བརྟེན་ནས་ཅིའི་ཕྱིར་མཚོན་མི་ནུས། དེས་ན་སྒང་བ་བོད་ཀྱི་ཡུལ་གྲུ་འདི་ཉིད་ཆོས་ལྡན་གྱི་ཞིང་ཞེས་པའི་མཚོན་བྱེད་མང་དག་ཞིག་ཡོད་ཆོག་མོད་ཀྱང་། ཁོ་བོའི་བསམ་ཚུལ་ལ་རང་རེས་བོད་ཀྱི་སྐྱ་སེར་རེས་མེད་དང་རྒན་གཞོན་ཁྱད་མེད་ཀྱི་བེད་སྤྱོད་བྱེད་བཞིན་པའི་ཕྲེང་བ་འདིས་དེ་འཛིན་པའི་གང་ཟག་རྣམས་ཆོས་པའམ་དགེ་བྱེད་པ་ཞིག་དང་། ལུང་པ་དེའང་ཆོས་ལྡན་ནམ་དགེ་ལྡན་གྱི་ཞིང་ཞིག་དུ་མཚོན་པར་བརྩིས་ན་ལོས་ཆོག་སྙམ་མོ། རྒྱུ་མཚན་དེས་ན་ཁོ་བོས་དེ་རིང་འདིར་ཕྲེང་བའི་སྐོར་གྱི་གཏམ་ཐུང་ཞིག་གླེང་བར་སྤྲོའོ།། 

         དང་པོ། ཕྲེང་བའི་ཐ་སྙད།དང་པོ་ཕྲེང་བ་ཞེས་པའི་ཐ་སྙད་འདི་ལའང་ཁ་ཐུག་ཚིག་འགྲེལ་གྱི་དབང་དུ་བྱས་ན་བསྟར་པའམ་གོ་རིམ་བསྒྲིག་པ་ལྟ་བུར་གོ་ནའང་། སྐབས་འདིར་དོན་འཐོབ་བམ་བྱེད་ལས་ཀྱི་ཆ་ནས་འགྲེལ་ན་གཞུང་དང་མཐུན་པར་མངོན་ནོ།

         དེ་ནས་ཕྲེང་བ་ཞེས་པའི་འབྲུ་རྐང་གཉིས་པོ་དེ་བྱེད་ལས་ཀྱི་ཆ་ནས་ཇི་ལྟར་འགྲེལ་ཞེ་ན། འདི་འཛིན་པའི་གང་ཟག་གང་ཞིག་ཡིན་རུང་དམ་པའི་དོན་ནམ་རྣམ་དཀར་དགེ་བའི་ཕྱོགས་སུ་བསྐུལ་བ་དང་སེམས་འཕྲེང་བར་བྱེད་པའི་ཆ་ནས་བཏག་པའམ། ཡང་ན་བོན་སྒོ་བཞི་མཛོད་ལྔའི་ཕྱོགས་སུ་སེམས་འཕྲེང་བར་བྱེད་པའི་ཆ་ནས་དེ་ལྟར་བཏགས་པར་ཡིན་ཏེ། མདོ་གཟེར་མིག་ལས། “འཁོར་བའི་ཕྱོགས་སུ་མི་འཕྲེང་བར། །དམ་པའི་དོན་ལ་འཕྲེང་བ་ཡི། །གྲངས་སུ་བགྲང་བའི་ཡོན་ཏན་རྫས།”ཞེས་དང་། ཡང་དེ་ཉིད་ལས། “སྒོ་བཞི་མཛོད་ལྔའི་བོན་ལ་འཕྲེང་བའི་ཕྱིར།”ཞེས་གསུང་པའི་བབ་ལ་བརྟགས་ན་ཤེས་སོ།། 

         གཉིས་པ། ཕྲེང་བའི་བྱུང་རིམ།གཉིས་པ་ཕྲེང་བའི་བྱུང་རིམ་གྱི་ཐད་ནས་གླེང་ན་སྤྱིར་ཆོས་ལུགས་སོ་སོ་ལ་བྱུང་རིམ་དང་ལོ་རྒྱུས་རེ་ཡོད་ན་ཆོག་ཀྱང་དེ་དག་ནི་ཁོ་བོར་རྒྱུས་མངའ་གང་ཡང་མེད་སྟབས་རེ་ཞིག་བཏང་སྙོམས་སུ་འཇོག་པ་ལས་གསལ་བཤད་བྱ་ཐབས་བྲལ། འོན་ཀྱང་གཡུང་དྲུང་བོན་ལུགས་ལྟར་ན་སངས་རྒྱས་གཤེན་རབ་མི་བོས་གདུལ་བྱ་རྣམས་མོས་པ་བསྐྱེད་པའི་ཆེད་དུ་དཀའ་ཐུབ་རྣམ་གསུམ་གྱི་མཛད་པ་སྐྱོངས་བའི་ནང་ནས་མི་ཡི་དཀའ་ཐུབ་ཀྱི་སྐབས་སུ་སྟོན་པ་མཆོག་གིས་སྨོན་ལམ་གྱི་མཐུ་ལས་ཕྲེང་བའི་རྒྱུ་ཁ་དོག་ལྔ་ལྡན་གྱི་ལྗོན་ཤིང་ཞིག་འཁྲུངས་ནས་བྱུང་བ་མཛད་མདོ་འབྲིང་པོ་ལས་གསལ་བ་བཞིན་ནོ། དེ་ཡང་གཟེར་མིག་ལས། “འཁོར་བའི་ཕྱོགས་སུ་མི་འཕྲེང་བར། ངེས་པའི་དོན་ལ་འཕྲེང་བ་བསྐྱེད། དོན་ལ་ངེས་པར་འཕྲེང་བ་དེ། རྫས་ལ་བརྟེན་པར་དགོངས་ནས་སུ། ཧོས་རུ་དང་བ་མེ་ཏོག་གླིང་ལ་བཙུགས། ཕྱག་རྒྱ་ཐལ་སྦྱོར་ནམ་མཁའི་དབྱིངས་སུ་བསྟན། སྙིང་པོ་འོད་དཔག་མུ་ཟེར་གསལ་འབར་ཡོངས་ཁྱབ་མུ་རྒྱས་བདལ། ལན་ལྔ་བརྗོད་ནས། ཚིག་བཤད་ཚིག་བཞི་གསུངས་པ། །འཁོར་བའི་ཕྱོགས་སུ་མི་འཕྲེང་བར། །དམ་པའི་དོན་ལ་འཕྲེང་བ་ཡི། །གྲངས་སུ་བགྲང་བའི་ཡོན་ཏན་རྫས། །ལྗོན་ཤིང་ལོ་འབྲས་སྨིན་པར་ཤོག །ཕྱག་རྒྱ་སྙིང་པོ་སྨོན་ལམ་ནུས་མཐུ་དེས། ཞག་གསུམ་ནངས་པར་ཡ་མཚན་ཆེ་བའི་ཤིང་གཅིག་སྐྱེས། སྡོང་པོ་རིན་པོ་ཆེ་བཞིན་བཀྲ་ལ་གསལ། །ཡལ་ག་བཞི་ནི་ཕྱོགསབཞིའི་ཁ་དོག་འདྲ། ཤར་དཀར་བྱང་ལྗང་ནུབ་དམར་ལྷོ་སྔོའོ། །དབུས་ནི་རིན་ཆེན་གསེར་བཞིན་སེར་ལ་དྭངས། །ལོ་མ་འབྲས་བུ་ལྔ་ཡང་དེ་དང་མཚུངས།" ཞེས་ཕྲེང་བའི་བྱུང་ཁུངས་གསལ་བོར་བསྟན་ཡོད།

         གསུམ་པ། ཕྲེང་བའི་དབྱེ་བ། གསུམ་པ་ཕྲེང་བའི་དབྱེ་བ་ལ། མཛད་མདོ་རྒྱས་འབྲིང་གཉིས་ལས་གསུངས་པའི་སྒོ་བཞི་མཛོད་ལྔའི་དབང་དུ་བཏང་ནས་དབྱེ་ཚུལ་དང་། གསང་སྔགས་རྫོང་ཕྲེང་ལས་གསུང་བའི་ཞི་རྒྱས་དབང་དྲག་བཞི་ཡི་དབང་དུ་བཏང་ནས་དབྱེ་ཚུལ་གཉིས་ཡོད་ཀྱང་། མཛད་མདོ་རྒྱས་འབྲིང་གཉིས་ལྟར་ན། དཔོན་གསས་ལ། དུང་གི་ཕྲེང་བ། ཆབ་ནག་ལ། ཤེལ་གྱི་ཕྲེང་བ། ཆབ་དཀར་ལ། རག་ཤའི་ཕྲེང་བ། འཕན་ཡུལ་ལ། མན་ལུང་གི་ཕྲེང་བ། མཐོ་ཐོག་སྤྱི་རྒྱུག་མཛོད་ལ། བྷོ་ཏི་ཙའི་ཕྲེང་བའོ། དེ་ཡང་གཟེར་མིག་ལས། “དཔོན་གསས་དུང་གི་འཕྲེང་བར་བགྲང༌། །ཆབ་ནག་ཤེལ་གྱི་འཕྲེང་བར་བགྲང༌། །ཆབ་དཀར་རག་ཤའི་འཕྲེང་བར་བགྲང༌། འཕན་ཡུལ་མན་ལུང་འཕྲེང་བར་བགྲང༌། གཙང་མ་མཐོ་ཐོག་སྤྱི་རྒྱུག་ཐིག་ལེ་ཆེན་པོ་བཟླས་དང་བརྗོད་མེད་པོ་ཏི་ཙེ་ཡི་འཕྲེང་བར་བགྲང༌།”ཞེས་གསུངས་སོ།། དེའང་རྒྱུ་ཡི་ཆ་ནས་གོང་དུ་གསུངས་པའི་ཕྲེང་བ་དག་འཛོམས་ན་ནི་རབ་དང་། དེ་ལྟར་མ་འཛོམས་ཀྱང་ཁ་དོག་གི་ཆ་ནས། དཔོན་གསས་ལ། ཕྲེང་བ་དཀར་པོ། ཆབ་ནག་ལ། ཕྲེང་བ་ལྗང་ཁུ། ཆབ་དཀར་ལ། ཕྲེང་བ་དམར་པོ། འཕན་ཡུལ་ལ། ཕྲེང་བ་སྔོ་པོ། མཐོ་ཐོག་སྤྱི་རྒྱུག་མཛོད་ལ། ཕྲེང་བ་སེར་པོ་བྱས་ན་ཁ་དོག་གི་ཆ་ནས་ལུང་དང་མཐུན་པར་འདུག་སྙམ་མོ།། དེས་ན་བོན་སྒོ་རེ་རེ་ལ་དམིགས་བསལ་ཆེད་དུ་གཉེར་ནས་ཉམས་ལེན་བྱེད་མཁན་ཡོད་ན་བོན་སྒོ་སོ་སོ་དང་བསྟུན་པའི་ཕྲེང་བ་དག་བེད་སྤྱད་ན་དགེ་མཚན་ཆེ་བར་སྣང་ངོ་།།

         བཞི་པ། ཕྲེང་བའི་གྲངས་ཚད། བཞི་པ་ཕྲེང་བའི་གྲངས་ཚད་ལའང་། གཟེར་མིག ལས། “གྲངས་ནི་སྟོང་དང་རྩ་བརྒྱད་དོ།”ཞེས་གསུང་པ་ནི་བདེ་བར་སྟོང་རྩ་བརྒྱད་ཀྱི་གྲངས་དང་མཐུན་པར་གསུང་པ་མིན་ནམ་སྙམས། ནམ་རྒྱུན་ང་ཚོས་བེད་སྤྱོད་བྱེད་བཞིན་པའི་ཕྲེང་བ་ལ་གྲངས་བརྒྱ་དང་བརྒྱད་མ་གཏོགས་མེད་པ་ནི་གྲངས་སྟོང་རྩ་བརྒྱད་འདི་མང་དྲགས་པས་སྟབས་བདེ་མོ་མེད་པའི་རྐྱེན་གྱིས་བརྒྱ་དང་བརྒྱད་དུ་བསྡུས་པ་ཡིན་ཡང་ཆོག། འོན་ཀྱང་གྲངས་ཚད་ལ་བརྒྱ་དང་བརྒྱད་བྱེད་པའི་ལུགས་སྲོལ་འདིའང་ལུང་དང་མི་མཐུན་པ་ཞིག་མིན་ཏེ། དེའང་གསང་སྔགས་རྫོང་ཕྲེང་ལས། "གཡུང་དྲུང་སེམས་དཔའ་བརྒྱ་རྩ་བརྒྱད་ཀྱི་རིགས་རྟགས་སྟིམས་ལ་བརྒྱ་དང་རྩ་བརྒྱད་དུ་ཕྲེང་རྡོག་དག་ལ་སྒོམ་པར་བྱ་" ཞེས་གསུངས་པས། གྲངས་བརྒྱད་དང་བརྒྱད་ཀྱིས་ཆོག་པར་སེམས་སོ།།

         ལྔ་པ། ཕྲེང་ཐག ལྔ་པ་ཕྲེང་ཐག་ལ་ཡང་མཛད་མདོ་རྒྱས་འབྲིང་གཉིས་ལྟར་སྒོ་བཞི་མཛོད་ལྔའི་དབང་དུ་བྱས་ན། གོང་གི་ཕྲེང་བའི་རྒྱུ་ཤིང་སྣ་ལྔ་ལས་སོ་སོའི་ཤུན་པ་ལ་ཕྲེང་ཐག་བྱས་པ་ཡིན་ཏེ། གཟེར་མིག་ལས། “།ཤིང་ཤུན་ཐག་པ་རིགས་ལྔར་བཀལ། །དམ་པའི་དོན་ལ་འཕྲེང་པ་ཡིས། །འཁོར་བར་མི་འཕྲེང་བགྲང་བའི་ཕྱིར། །པད་ཤུན་འཕྲེང་ཐག་དཀར་པོ་ལ། །ཤར་ཕྱོགས་དཀར་པོ་དུང་གི་འཕྲེང་བ་བརྒྱུས། པད་ཤུན་འཕྲེང་ཐག་ལྗང་གུ་ལ། །བྱང་ཕྱོགས་ལྗང་གུ་ཤེལ་གྱི་འཕྲེང་བ་བརྒྱུས། །པད་ཤུན་འཕྲེང་ཐག་དམར་པོ་ལ། །ནུབ་ཕྱོགས་དམར་པོ་རག་ཤའི་འཕྲེང་བ་བརྒྱུས། །པད་ཤུན་འཕྲེང་ཐག་སྔོན་པོ་ལ། ལྷོ་ཕྱོགས་སྔོན་པོ་མན་ལུང་གི་འཕྲེང་བ་བརྒྱུས། པད་ཤུན་འཕྲེང་ཐག་སེར་པོ་ལ། །དབུས་ཕྱོགས་སེར་པོ་པོ་ཏི་ཙེ་ཡི་འཕྲེང་བ་བརྒྱུས།” ཞེས་གསུངས་པས། དཔོན་གསས་ལ། ཕྲེང་ཐག་དཀར་པོ། ཆབ་ནག་ལ། ཕྲེང་ཐག་ལྗང་ཁུ། ཆབ་དཀར་ལ། ཕྲེང་ཐག་དམར་པོ། འཕན་ཡུལ་ལ། ཕྲེང་ཐག་སྔོ་པོ། མཐོ་ཐོག་སྤྱི་རྒྱུག་མཛོད་ལ། ཕྲེང་ཐག་སེར་པོ་བྱས་ན་ལུང་དང་མཐུན་པར་མངོན་ནོ།།

          དྲུག་པ། ཕྲེང་བའོ་མདོ་འཛིན། དྲུག་པ་ཕྲེང་བའི་མདོ་འཛིན་ནམ་བརྒྱ་དཔོན་ལ་ཡང་རུང་བ་དང་མི་རུང་གཉིས་སུ་འདུག་པས། གང་བྱུང་མཛེས་ཆོས་མི་བྱེད་པར་ལུང་དང་བསྟུན་དགོས་པ་གལ་ཆེ་ཏེ། "གསང་སྔགས་རྫོང་ཕྲེང་ལས། རྡོ་རྗེ་མཆོད་རྟེན་རི་རབ་མདོ་འཛིན་སྤང་།" ཞེས་གསུང་པས་སོ། འོ་ན་ཇི་ལྟར་དགོས་ཞེ་ན། འོག་ཏུ་བོན་སྐུ་མཚོན་ཕྱིར་ཟླུམ་པོ་དང་། དེའི་སྟེང་དུ་ངོ་བོ་ཉིད་ཀྱི་སྐུ་མཚོན་ཕྱིར་བུམ་པའི་དབྱིབས་ཅན། དེ་གཉིས་གཉིས་བརྩེག་ཅིག་དགོས་ཏེ། རིན་ཆེན་གའུ་ལས། "མདོ་འཛིན་གཉིས་བརྩེག་བོན་སྐུ་དང་། ངོ་བོ་ཉིད་ཀྱི་སྐུ་རུ་མཚོན།" ཞེས་དང་། མདོ་དྲི་མེད་ལས། "མདོ་འཛིན་ཡེ་ཤེས་ལྷ་དང་སྦྱར། གཤེན་ལྷ་འོད་དཀར་ཡི་དམ་ལྷ། "ཞེས་གསུངས་པས། མདོ་འཛིན་ནི་སྐུ་གཉིས་སམ་ཡེ་ཤེས་ཀྱི་ལྷ་གཤེན་ལྷ་འོད་དཀར་མཚོན་བྱེད་ཡིན་ནོ།།

          བདུན་པ། འཛབ་བམ་གྲངས་འཛིན། བདུན་པ་འཛབ་བམ་གྲངས་འཛིན་ནི། འཛབ་ཅེས་པ་ནི་སྙིང་པོའམ་ལྷ་སྔགས་ལ་གོ་བས་གྲངས་འཛིན་ལ་འཛབ་ཞེས་བཏགས་པ་ནི་ལྷ་འཛབ་ཀྱི་གྲངས་མི་ནོར་བའི་རྟགས་ཡིན་པའི་རྒྱུ་མཚན་གྱིས་འཛབ་ཅེས་བཏགས་པ་མིན་ནམ། དེའི་གྲངས་ཚད་ལའང་བཅུ་རེ་བྱེད་པར་སྣང་ཡང་དེ་ལྟར་དགོས་པའི་ལུང་ཡོད་མེད་དེ་སྔ་མ་མཐོང་བས་དེ་ནི་གྲངས་འདྲེན་བདེ་བའི་ཆེད་དུ་བྱས་པ་མིན་ནམ་སྙམས། འདིར་རེ་ཞིག་བཟླས་ཆོག་གི་གཞུང་དང་མཐུན་པར་བྱས་ཏེ་འདུལ་བ་གཤེན་དྲུག་མཚོན་བྱེད་དུ་དྲུག་ཏུ་བྱས་ན་འགྲིག་པར་མངོན་ཏེ། བཟླས་ཆོག་ལས། "གྲངས་འཛིན་འདུལ་བ་གཤེན་དྲུག་ཏུ་སྒོམ།" ཞེས་པའི་ལུང་གི་རྗེས་སུ་འབྲང་ངོ་།།

          བརྒྱད་པ། བླང་དོར། བརྒྱད་པ་བླང་དོར་གྱི་སྐོར་ལའང་བླང་བ་དང་དོར་བ་གཉིས་འབྱུང་བས། དང་པོ་ནི་གོང་དུ་བཤད་པའི་སྒོ་བཞི་མཛོད་ལྔའི་ཕྲེང་བ་དང་རྫོང་ཕྲེང་ལ་བཤད་པའི་ལས་བཞིའི་ཕྲེང་བ་དག་ཡིན་ལ། གཉིས་པ་ནི། ཐོད་པ་ལ་སོགས་རུས་ཆེན་དང་། བ་སོ་མིན་པའི་རུས་པས་དང་། རྭ་ཅོ་དང་། འབྲས་བུ་མེད་པའི་ཤིང་སོགས་ཀྱིས་ཕྲེང་བའི་རྒྱུ་མི་བྱ་ཏེ། ལྷ་གཉན་ཤེལ་སྒོང་ལས། "ཐོད་པ་ལས་སོགས་རུས་ཆེན་དང་། བ་སོ་མིན་པའི་གཞན་རྭ་དང་རུས་པ་འབྲས་བུ་མེད་པའི་ཤིང་སོགས་ནི་སྤང་བར་བྱའོ།" ཞེས་གསུངས་པས་སོ། འོན་ཀྱང་རྫོང་ཕྲེང་ལས་དྲག་པོའི་ཕྲེང་བ་བཤད་པའི་སྐབས་སུ་ཐོད་ཕྲེང་འབྱུང་བས་ལུང་གོང་འོག་གཉིས་ཚིག་ཟིན་དུ་འགལ་བ་ལྟ་བུར་སྣང་ཡང་དོན་ལ་འགལ་བ་མེད་དེ། རྫོང་ཕྲེང་ལ་གསུངས་པ་ནི་གསང་བ་སྔགས་ཀྱི་རྣལ་འབྱོར་བ་སྤྱོད་པ་ལམ་དུ་ཁྱེར་ཐུབ་མཁན་ལྟ་བུ་དགོངས་ནས་གསུངས་པ་དང་། ལྷ་གཉན་ལས་བཀག་པ་ནི་ཏིང་འཛིན་གྱི་རྩལ་མ་རྫོགས་པའི་གང་ཟག་གིས་སྔགས་ཀྱི་རྣལ་འབྱོར་བའི་སྤྱོད་པ་དག་གང་བྱུང་དུ་སྤྱོད་ན་བསྟན་པ་ལ་སྨ་འབེབ་ཀྱི་རྒྱུ་རུ་འགྲོ་བ་ལ་དགོངས་ནས་བཀག་པ་མིན་ནམ་སྙམས།

          དགུ་པ། དམ་ཚིག དགུ་པ་ཕྲེང་བའི་དམ་ཚིག་ལའང་ལྷ་གཉན་ཤེལ་སྒོང་ལས་བཅུ་གཅིག་དུ་བཤད་པ་སྟེ། "སྙིང་པོ་བཟླས་དུས་ཕྲེང་བ་གཞན་ལས་མི་བསྟན། རང་གི་ཞབས་སུ་མི་བཅུག གཞན་གྱི་ལག་ཏུ་མི་འགྲིམ་། ལག་དལ་བས་མི་འདྲེན་པར་ལུས་ལ་བཅང་། ས་རྗེན་ལ་མི་འཇོག ཕྲེང་བ་རིགས་མི་གཅིག་པ་རྣམས་མི་བསྲེ། མཛེས་ཆོས་ཀྱི་རྒྱན་དང་མི་སྤྲད། མི་སྡིག་ཅན་གྱི་ལག་ནས་བྱུང་བ་མི་བཅང་། གཞན་གྱི་བགྲང་བརྩི་སླད་དུ་བཤར་བ་མི་བྱེད། ཚུལ་ཆོས་ཀྱི་ལག་ཏུ་མི་འདྲེན། རབ་གནས་མེད་པ་མི་བཅང་བ་དང་བཅུ་གཅིག་གོ།" ཞེས་གསུངས་པས་གོང་གི་ཕྲེང་བའི་དམ་ཚིག་བཅུ་གཅིག་པོ་དེ་དག་གི་དགོས་པ་འདི་ཡིན་ཞེས་རེ་རེ་ལ་ཁོ་བོས་གསལ་བཤད་མ་ནུས་ཀྱང་དེ་བཞིན་བསྲུང་བརྩི་ཐུབ་མ་དགེ་མཚན་རེ་ངེས་པར་ཡོད་པར་ནི་ལུང་རྣམ་དག་ལ་རྟེན་པའི་ཡིད་ཆེས་བསླུ་བ་མེད་པ་དེའོ།། སྤྱིར་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་རྟེན་སོགས་ལ་རབ་གནས་དགོས་པ་བཞིན་ཕྲེང་བ་ལ་ཡང་རབ་གནས་དགོས་པར་སྣང་། དེ་ཡང་ཐོག་མར་སྤོས་དང་ཁྲུས་ཀྱི་དག་གཙང་དགོས་ཏེ། རྫོང་ཕྲེང་ལས། "ཐབས་ལམ་སོ་མའི་ཕྲེང་བ་དེ། ཁྲུས་ནས་ཕྱུང་ཞིང་བརྒྱ་རྩ་ཚང། དྲི་བཟང་ཆུས་བྱུག་དག་གཙང་ལྡན་པར་བྱ།" ཞེས་གསུང་པས་སོ། དེ་ནས་རང་ཉིད་ཡི་དམ་དུ་བསྒོམས་ཏེ། མཚམས་བཅད་ཅིང་བགེགས་བཀྲད་པར་བྱ། དེ་ནས་གོང་དུ་ཕྲེང་རྡོག་རྣམ་གཡུང་དྲུང་སེམས་དཔའ་བརྒྱ་རྩ་བརྒྱད་སྒོམ་ལ། སྙིང་པོ་ནི། ༀ་ཙང་རི་ཐོ་ཡེ་པུ་ཙམ་ཧ་ར་ཁི་ཁར་ཞི་བྲུམ་འདུ། ཞེས་གང་མང་དང་། ཞི་ཁྲོའི་སྙིང་པོ་ཨཱ་ལི་ཀཱ་ལི་རྟེན་འབྲེལ་སྙིང་པོ་དང་མཐར་ཤིས་བརྗོད་སོགས་ཀྱིས་རབ་ཏུ་གནས་པར་བྱ་དགོས་ཏེ། རྫོང་ཕྲེང་ལས། "དེ་ལྟར་ཕྲེང་བ་རབ་ཏུ་གནས། །བསྙེན་པ་དྲང་ཞིང་ལག་ཏུ་ཐོགས། །བྱས་ན་བསྙེན་པ་བརྒྱ་འབུམ་འགྱུར། བཟླས་པ་གང་བཟླས་ཆུད་མི་བཟའ། ངག་ལ་ནུས་པ་མེ་བཞིན་འབར། །སྒྲིབ་དང་ཉམས་པ་འབྱུང་མི་སྲིད།" ཅེས་གསུངས་པས་སོ། །

          བཅུ་པ། བགྲང་ལུགས། བཅུ་པ་ལ་བགྲང་ལུགས་དང་བསྐྱེད་རིམ་གཉིས་ཏེ། བགྲང་ལུགས་ཀྱང་གཡོན་གྱི་སོར་མོ་ལྔ་ལ་བཀལ་ནས་གཡས་ཀྱིས་བགྲངས་ཏེ། གཟེར་མིག་ལས། གཡོན་གྱི་སོར་མོ་ལྔ་ལ་བཀལ། ཞེས་གསུངས་པས་ཤེས་ནུས་སོ།། བསྐྱེད་རིམ་ལ་ཡང་། ཕྲེང་ཐག་ལ་དབྱིངས་ཡུམ་ས་ཏྲིག་ཨེར་སངས། མདོ་འཛིན་ལ་ལྷ་ཆེན་གཤེན་ལྷ་འོད་དཀར། རང་གི་མཐེ་བོང་ལ་ཐབས་ཀྱི་མཆོག་སྲིད་པ་སངས་པོ་འབུམ་ཁྲི། མཛུབ་མོ་ལ་ཤེས་རབ་ཀྱི་ཕུལ་དུ་ཕྱིན་པ་སྟོན་པ་གཤེན་རབ་མི་བོ་བཅས་བདེར་གཤེགས་གཙོ་བོ་བཞི་རུ་གསལ་གདབ་དགོས་ཏེ། གཟེར་མིག་ལས། “འཕྲེང་ཐག་དབྱིངས་ཀྱི་ཡུམ་དང་སྦྱར། །ས་ཏྲིག་ཨེར་སངས་ཡི་དམ་ལྷ། །མདོ་འཛིན་ཡེ་ཤེས་ལྷ་དང་སྦྱར། །གཤེན་ལྷ་འོད་དཀར་ཡི་དམ་ལྷ། །མཐེ་བོང་ཐབས་ཀྱི་མཆོག་དང་སྦྱར། །སངས་པོ་འབུམ་ཁྲི་ཡི་དམ་ལྷ། །མཛུབ་མོ་ཤེས་རབ་ཕུལ་དང་སྦྱར། །བདག་ཉིད་གཤེན་རབ་འདྲེན་པའི་དཔོན། །གུང་མོས་གང་བགྲང་རིག་པ་ཉིད།”ཞེས་གསུང་པ་ལྟར་རམ། ཡང་ན་བཟླས་ཆོག་ལྟར། "ཕྲེང་བ་བསྐལ་སྟོང་སངས་རྒྱས། ཕྲེང་ཐག་བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་། མདོ་འཛིན་བསྟན་པའི་གཙོ་བོ། གྲངས་འཛིན་འདུལ་བ་གཤེན་དྲུག་དུ་སྒོམ་ལ།" ཞེས་གསུང་ལྟར་དེ་གཉིས་གང་རུང་གི་དམིགས་རིམ་དང་མ་བྲལ་བའི་སྒོ་ནས་བགྲང་ངོ་།།

           བཅུ་གཅིག ཕན་ཡོན། བཅུ་གཅིག་པ་ཕན་ཡོན་ནི། དེ་ལྟར་གོང་དུ་མཛད་མདོ་ཁག་ལས་གསུང་བའི་ཕྲེང་བ་དག་ལ་རབ་ཏུ་གནས་པར་བྱས་ཏེ་བསྐྱེད་རིམ་དང་མ་བྲལ་བའི་སྒོ་ནས་བགྲང་ན། བསྙེན་པའི་གྲངས་ཚད་འབུམ་འགྱུར་དུ་འགྲོ་དང་། བཟླས་པ་ཆུས་མི་བཟའ་བ་དང་། ངག་ལ་ནུས་པ་འབར་བ་དང་། ཉམས་སྒྲིབ་མི་འབྱུང་བ་སོགས་ཀྱི་ཕན་ཡོན་བླ་ན་མེད་པ་ཡོད་དེ། རྫོང་ཕྲེང་ལས། "བསྙེན་པ་དྲང་ཞིང་ལག་ཏུ་ཐོགས། །བྱས་ན་བསྙེན་པ་བརྒྱ་འབུམ་འགྱུར། བཟླས་པ་གང་བཟླས་ཆུད་མི་བཟའ། ངག་ལ་ནུས་པ་མེ་བཞིན་འབར། །སྒྲིབ་དང་ཉམས་པ་འབྱུང་མི་སྲིད།" ཅེས་གསུངས་པས་སོ།

           དེས་ན་གོང་དུ་ཞུས་པ་དེ་དག་ནི་དེང་ཉེར་གཅིག་པའི་དུས་ཀྱི་ཕྲེང་ཐོགས་པ་དག་གིས་ཕྲེང་བ་ནི་མཛེས་མཆོར་གྱི་རྒྱན་ལྟ་བུ་ཞིག་ལ་བརློམ་ཏེ། སྤུས་ཤེལ་དང་བྷོ་ཏི་ཙིའི་སོགས་གོང་ཚད་སུ་མཐོ་དང་སུ་རྫིག་གི་གླེང་སློང་ཙམ་ལས་ཕྲེང་བའི་བྱུང་ཁུངས་དང་། རྒྱུ་ཆ། ཕན་ཡོན། བགྲང་ལུགས། དམ་ཚིག་སོགས་ལ་བསམ་བློ་ཙམ་ཡང་འཁོར་མ་མྱོང་བ་དག་ལ་ངོ་སྤྲོད་ཀྱི་ཚུལ་དང་ཕན་པ་རེ་འབྱུང་ན་བསམ་པའི་ཀུན་སློང་སྔོན་དུ་བཏང་སྟེ། མཛད་མདོ་རྒྱས་འབྲིང་གཉིས་དང་བཟླས་ཆོག་ཨཱ་ལི་ཀཱ་ལི། མཆེད་གྲོགས་བློ་གྲོས་འཇིག་མེད་ཀྱི་((ལྷ་རྫས་ཕྲེང་བའི་སྐོར་གྱི་བགྲོ་གླེང་)) ཐེངས་དང་པོའི་ཟིན་རིན་དུ་དྲངས་པའི་རྫོང་ཕྲེང་གི་ལུང་རྣམས་ལ་བརྟེན་ནས་སུག་བྲིས་སུ་བགྱིས་པས་དགེ་བའི་ཆ་མཆིས་ཚད་འགྲོ་རྣམས་རྫོགས་བྱང་གི་གོ་འཕང་ཐོབ་པའི་རྒྱུ་རུ་བསྔོ་བའོ་ཞེས་སྨོན་ལམ་གྱིས་འཚམས་སྦྱར་ཏེ་ས་མཐའི་གྱི་ན་བ་ཁྱུང་ཐོག་རྒོད་ནས།།

རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།