ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་20འཁོར་བ།

རྩོམ་པ་པོ།   དུས་ཚོད།   2018-01-04རྩོམ་ཁུངས།    མི་དམངས་དྲ་བ།

       ཟླ་1ཚེས་1ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ཙུའུ་མས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་སྟེ་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་20འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད།
      ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་ལོ་20གོང་གི་དེ་རིང་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་དབར་ཕྱི་འབྲེལ་བཙུགས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལེའུ་གསར་པ་ཞིག་ཕྱེ་ཡོད། ལོ་20རིང་ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་འབྲེལ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏིང་ཟབ་ཕྱིན་ཏེ་རོགས་ཟླའི་འབྲེལ་བ་ནས་འཐབ་ཇུས་རོགས་ཟླའི་འབྲེལ་བ་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་བར་གྱི་མཆོང་སྐྱོད་གལ་ཆེན་བྱུང་ཡོད། ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་དབར་ཕྱོགས་ཡོངས་ཀྱི་མཉམ་ལས་ཟམ་མི་ཆད་པར་བརྟན་དུ་དང་གཏིང་ཟབ་ཏུ་གཏོང་རྒྱུ་དེ་ནི་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་དང་མཐུན་པ་ཞིག་ཡིན་པ་དོན་དངོས་ལས་ར་སྤྲོད་བྱུང་ཡོད། ངས་སྐུ་ཞབས་ཙུང་ཐུང་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་འབྲེལ་བ་ཟམ་མི་ཆད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་སྔར་བས་ཡག་པོ་བསྐྲུན་འདོད་ཡོད་ཅེས་གསུངས་པ་རེད།
      ཞི་ཅིན་ཕིང་གིས་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་འགན་འཁུར་བཞིན་པའི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཡིན། 2015ལོར་ངས་སྐུ་ཞབས་ཙུང་ཐུང་དང་མཉམ་དུ་གཙོ་སྐྱོང་བྱས་པའི་གླེང་སྟེགས་གཡོད་ཧན་ནེ་སི་པའོ་དབུ་ཚོགས་ཐུགས་གྲ་ལེགས་འགྲིག་བྱུང་ཡོད། སྐུ་ཞབས་ཙུང་ཐུང་གི་གྲོས་འགོ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གི་ཡོངས་ཁྱབ་རེ་འདོད་ལྟར་ཀྲུང་གོ་ཕྱོགས་ཀྱིས་2018ལོར་ཀྲུང་གོར་གླེང་སྟེགས་དབུ་ཚོགས་འཚོག་རྒྱུར་མོས་མཐུན་ཡོད། ངས་སྐུ་ཞབས་ཙུང་ཐུང་དང་གླེང་སྟེགས་ཀྱི་ཨ་ཧྥེ་རི་ཁའི་ཁོངས་མིའི་རྒྱལ་ཁབ་གཞན་དག་གི་འགོ་ཁྲིད་དང་མཉམ་དུ་2018ལོའི་གླེང་སྟེགས་དབུ་ཚོགས་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་ལོ་རྒྱུས་རང་བཞིན་གྱི་ཚོགས་འདུ་གཟབ་རྒྱས་ཤིག་ཏུ་འཚོག་འདོད་ཡོད་ཅེས་གསུངས་པ་རེད།
       ཙུའུ་མས་ལྷོ་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་20འཁོར་བ་ནི་ཕྱོགས་གཉིས་པོའི་འབྲེལ་བའི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན། འདས་ཟིན་པའི་ལོ་20ཡི་ནང་ལྷོ་ཨ་ཧྥེ་རི་ཁ་དང་ཀྲུང་གོར་སྲོལ་རྒྱུན་མཛའ་གྲོགས་དང་ཕན་ཚུན་ཡིད་ཆེས་ཀྱི་རྨང་གཞིའི་ཐོག་དགའ་འོས་པའི་མཉམ་ལས་ཀྱི་གྲུབ་འབྲས་ཐོབ་པ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་པ་དང་འབྲེལ་དེ་བས་གལ་འགངས་ཆེ་བའི་འཐབ་ཇུས་དོན་སྙིང་ལྡན་ཡོད། རྒྱལ་ཁབ་གཉིས་པོས་ཕན་ཚུན་གྱི་ཐུན་མོང་ཁེ་ཕན་དང་འབྲེལ་བའི་གནད་དོན་ཐད་མཐུན་སྦྱོར་དམ་ཟབ་བྱས་པ་དང་ཐུན་མོང་ཐོག་འཛམ་གླིང་ལ་འཕྲད་པའི་འཇིགས་སྐུལ་གསར་པ་དང་འགྲན་སློང་གསར་པར་ཁ་གཏད་བཅག་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ངོས་ནས་ལྷོ་ཨ་ཧྥེ་རི་ཁ་དང་ཀྲུང་གོས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་རོགས་ཟླའི་འབྲེལ་བར་སྐུལ་འདེད་གཏོང་རྒྱུར་གཞོལ་བ་དང་2015ལོའི་གླེང་སྟེགས་ཀྱི་གཡོད་ཧན་ནེ་སི་པའོ་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད། ངས་2018ལོའི་ཟླ་9པར་ཀྲུང་གོར་འཚོག་རྒྱུ་ཡིན་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་སྐབས་གསར་པའི་དབུ་ཚོགས་ཐོག་ཞུགས་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་20འཁོར་བ་དེ་གོ་སྐབས་སུ་བྱས་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བར་ཤུགས་སྣོན་རྒྱག་པ་དང་མཉམ་ལས་རྒྱ་ཆེར་བཏང་སྟེ་གཉིས་ཁེ་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།