དབྱར་རྩྭ་དགུན་འབུ་ལ་རྗེས་དཔག་གི་ལྟ་སྟངས་འཛིན་དགོས།

རྩོམ་པ་པོ།   དུས་ཚོད།   2018-01-03རྩོམ་ཁུངས།    མི་དམངས་དྲ་བ།

          དུས་ཡུན་རིང་པོ་ནས་བཟུང་། དབྱར་རྩྭ་དགུན་འབུའི་རིན་གོང་ཧ་ཅང་ཆེ་བ་དང་། ཐོན་ཁུངས་དཀོན་པས། མི་རྣམས་ཀྱིས་སྔ་ཕྱི་བར་གསུམ་དུ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ཅིང་། འུད་བསྟོད་མཚམས་མ་ཆད་པར་བྱས་ནས་ལ་ལས་དབྱར་རྩྭ་དགུན་འབུ་ནི་འཆི་མེད་བདུད་རྩི་རིལ་བུ་ལས་ལྷག་པའི་ཕན་ནུས་བསམ་གྱིས་མི་ཁྱབ་པ་ལྡན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། དེར་དོགས་པ་བྱེད་མཁན་ཡང་མང་པོ་ཡོད་པ་སྟེ། ལ་ལས་དབྱར་རྩྭ་དགུན་འབུ་ཟ་བ་ལས་ལ་ཕུག་བཟས་ན་ཕན་པ་ངོས་འཛིན་ཡང་བྱེད་ཀྱི་ཡོད་པ་རེད། ལོ་ངོ་སྟོང་ལྷག་རིང་སྨན་དུ་བཏང་བའི་ལོ་རྒྱུས་ལྡན་པའི་དབྱར་རྩྭ་དགུན་འབུ་ལ་དོགས་པ་ཡང་ཡང་བྱས་པ་དེ་ཡང་སྙིང་རྒྱུ་མཚན་ཅི་ཡིན་ནམ། དབྱར་རྩྭ་དགུན་འབུ་ལ་ཡང་སྙིང་ཕན་ནུས་གང་ཡོད་དམ། གསར་འགོད་པས་འདིའི་དོན་དུ་བརྟག་དཔྱད་བྱས་ཡོད་པ་རེད།

          དབྱར་རྩྭ་དགུན་འབུ་ནི་གཙོ་བོ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3700དང་སྨི་4800ཡི་མཐོ་སྒང་ས་ཁུལ་དུ་ཡོད་པ་དང་། དེ་སྐྱེས་སའི་ཁོར་ཡུག་གི་ཆ་རྐྱེན་ཅུང་མཐོ་བ་རེད།  དངོས་པོ་ནི་ཇི་ཙམ་དཀོན་པོ་ཡིན་ན་དེ་ཙམ་གྱིས་མཆོག་ཏུ་གྱུར་པར་རྩི་བཞིན་ཡོད་པས། འཛམ་གླིང་ཡོངས་སུ་ལོ་རེར་དབྱར་རྩྭ་དགུན་འབུའི་ཐོན་འབོར་ཏུན་300ཡས་མས་ལས་མེད་པ་དང་། ཀྲུང་གོའི་ཐོན་ཁུལ་གྱི་ཐོན་ཚད་ཀྱིས་96%ཟིན་ཡོད་པ་དང་། དབྱར་རྩྭ་དགུན་འབུ་རྒྱ་མ་གང་ལ་རིན་གོང་སྒོར་ཁྲི་ཁ་ཤས་ནས་ཁྲི་བཅུ་ཕྲག་ཁ་ཤས་དགོས་པ་རེད།

       མཚོ་སྔོན་སློབ་ཆེན་ཕྱུགས་ལས་ཚན་རིག་ཞིབ་འཇུག་ཁང་གི་དགེ་རྒན་ཆེ་མོ་ལི་ཡུས་ལིང་གིས་རིན་གོང་ཆེ་བ་དང་། དབྱར་རྩྭ་དགུན་འབུ་ལ་ཤེས་རྟོགས་བྱུང་ཚད་ཉུང་བ། ཚོང་པས་འུད་སྒྲོག་ཚད་ལས་བརྒལ་བ་བྱས་པ་བཅས་ལས་དབྱར་རྩྭ་དགུན་འབུ་ནི་མཆོག་ཏུ་གྱུར་པར་རྩི་བཞིན་ཡོད་པ་རེད། མིག་སྔའི་ཞིབ་འཇུག་བྱས་པ་ལས་དབྱར་རྩྭ་དགུན་འབུ་ལ་ཕན་ནུས་ཤུགས་ཆེན་རང་ལྡན་མེད་མོད། ཡིན་ནའང་ཕན་ནུས་ཁྱབ་རྒྱ་ཆེ་བས། ལུས་ཁམས་གསོ་ཚིས་ཀྱི་དོན་སྙིང་ཐོག་ནས་བཤད་ན། ཕན་ནུས་ཤུགས་ཆེན་རང་ལྡན་མེད་པ་དེ་ནི་དུག་ནུས་ཆེན་པོ་ལྡན་མེད་པ་མཚོན་གྱི་ཡོད་པས། དུས་ཡུན་རིང་པོར་འཐུང་ནའང་གནོད་པ་མེད་པ་ཤེས་རྟོགས་བྱུང་ཡོད་ཅེས་བཤད་པ་རེད།

         དབྱར་རྩྭ་དགུན་འབུ་ཡི་ཕན་ནུས་སྐོར་ལ་ལི་ཡུས་ལིང་གིས་དབྱར་རྩྭ་དགུན་འབུ་ལ་རྒས་པ་སྲ་བར་འགྱུར་བ་དང་། ལུས་ཁམས་ཀྱི་བཟོད་ཤུགས་ཆེ་རུ་འགྲོ་བ། རིམས་འགོག་ནུས་ཤུགས་ཆེ་རུ་འགྲོ་བ་བཅས་ཀྱི་སྨན་བཅོས་ནུས་པ་དངོས་འབྲེལ་ཡོད་པ་དང་། སྐྲན་ནད་འགོག་ཐུབ་བམ་མི་ཐུབ་ཀྱི་སྐོར་ལ། སྐྲན་ནད་ཕོག་པའི་ནད་པར་འོད་འཕྲོའི་གསོ་བཅོས་དང་རྫས་འགྱུར་གསོ་བཅོས་བྱེད་རིང་དུ་དབྱར་རྩྭ་དགུན་འབུ་གཞོགས་འདེགས་གསོ་བཅོས་སུ་བེད་སྤྱོད་བྱས་པ་ནི་ནད་ཐོག་སྨན་བཅོས་བཀོལ་སྤྱོད་བྱས་པའི་དོན་དངོས་ཡིན་མོད། ཡིན་ནའང་དེང་སྐབས་ཀྱི་ཞིབ་འཇུག་ཆུ་ཚད་ཀྱི་དབང་གིས་ཕན་ནུས་འདི་རིགས་ཐོན་པའི་རྐྱེན་རྩ་ཡིན་པའི་ར་སྤྲོད་ད་དུང་ཡོངས་སུ་བྱེད་མི་ཐུབ་པ་རེད་ཅེས་བཤད་པ་རེད།

         ད་ལོའི་དབྱར་རྩྭ་དགུན་འབུ་འཛད་སྤྱོད་ཚོང་རར་ཚོང་བྲིན་པོ་མེད་པ་ནས་ཚོང་བྲིན་པོར་གྱུར་ཡོད་པ་རེད། རྒྱལ་ཁབ་བསྡོམས་རྩིས་ཅུས་མཚོ་སྔོན་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་གིས་བསྡོམས་རྩིས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། དབྱར་རྩྭ་དགུན་འབུ་ཐོན་སྐྱེད་བྱེད་ཁུལ་དང་བསྡུ་འགྲེམ་ལྟེ་གནས་གཙོ་བོའི་གྲས་ཤིག་ཡིན་པའི་མཚོ་སྔོན་དུ། 2017ལོའི་དཔྱིད་དབྱར་སྟོན་གསུམ་གྱི་དུས་ཚིགས་ནང་དབྱར་རྩྭ་དགུན་འབུ་ཡི་རིན་གོང་ལོ་གོང་མའི་དུས་མཉམ་དང་བསྡུར་ན་10.36%འཕར་ཡོད་ཅིང་། དེ་སྔོན་ལོ་གཉིས་ཀྱི་རིང་ལ་རིན་གོང་མར་ཆག་པའི་གནས་ཚུལ་གྱུར་ཡོད་པ་རེད།

རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།