གློག་རྡུལ་རོལ་རྩེད་ལ་ཆགས་པ་ནི་ནད་རིགས་ཤིག་ཡིན་པ།

རྩོམ་པ་པོ།   ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།དུས་ཚོད།   2018-01-03རྩོམ་ཁུངས།   

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རོལ་རྩེད་ལ་ཆགས་པ་ནི་ནད་རིགས་ཤིག་ཡིན་པ་ཁྱབ་བསྒྲགས་བྱས།

          གློག་རྡུལ་རོལ་རྩེད་ཀྱི་གཏིང་དུ་ཟུག་པ་ནི་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་ཏུ་གྱུར། དང་ཐོག་དྲ་ཁང་གང་སར་ཁྱབ་པ་ནས་ད་ལྟའི་ལག་ཁྱེར་ཁ་པར་གྱི་རོལ་རྩེད་ལ་སེམས་ཆགས་པའི་བར། གློག་རྡུལ་རོལ་རྩེད་ཅེས་པའི་ཚིག་འདི་ནི་ང་ཚོ་དང་སྐད་ཅིག་ཙམ་ཡང་མི་འབྲལ་བར་གནས་ཡོད།

          ཉེ་ཆར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རིགས་གཅིག་མཁས་པའི་གྲོས་ཞིབ་བརྒྱུད།  གློག་རྡུལ་རོལ་རྩེད་ལ་ཆགས་པ་ནི་ནད་རྟགས་ཀྱི་གཞི་རྩའི་ཁྱད་ཆོས་དང་མཐུན་པ་ངོས་འཛིན་བྱས་པ་དང་། གསར་ཐོན་ནད་རིགས་འདི་སེམས་ཁམས་དང་བྱ་སྤྱོད་ཀྱི་འགལ་རྐྱེན་རིགས་ཀྱི་ནད་རྟགས་གསར་པ་ཞིག་ཏུ་བརྩིས་ཡོད། རིགས་གཅིག་མཁས་པས་ སེམས་པའི་འགལ་རྐྱེན་ཡིན་ཕྱིན་ངེས་པར་དུ་ཁྱད་ཆོས་འདི་གཉིས་འཛོམས་དགོས་པར་ངོས་འཛིན་བྱེད། དང་པོ་ནི་རང་ཉིད་དང་མི་གཞན་ལ་སྡུག་བསྔལ་བཟོ་བ། གཉིས་པ་ནི་སྤྱི་ཚོགས་བྱེད་ལས་ལ་གནོད་པ་ཐེབས་པ། གློག་རྡུལ་རོལ་རྩེད་ཀྱི་གཏིང་དུ་ཟུག་པ་ནད་ཅིག་ཡིན་མིན་ནི། ཁྱད་ཆོས་དེ་གཉིས་དང་མཐུན་ཡོད་མེད་ལ་བལྟ་དགོས།

གློག་རྡུལ་རོལ་རྩེད་ཀྱི་གཏིང་དུ་ཟུག་ཡོད་མེད་བརྟག་པའི་ཚད་གཞི་གཅིག་ནི། སེམས་ཆགས་པ།

          འོས་འཚམ་གྱིས་རོལ་རྩེད་རྩེ་བ་ནི་དེང་རབས་ཀྱི་མི་ལ་ཆ་མཚོན་ནས་བཤད་ན་སྤྲོ་གསེང་བྱེད་སྟངས་ཤིག་ཡིན། གལ་ཏེ་སེམས་ཆགས་ཤིང་གཏིང་དུ་ཟུག་པ་ཡིན་ན་རྒྱུན་ལྡན་མིན་པའི་སྣང་ཚུལ་ལ་གཏོགས། སྤྱིར་བཏང་རོལ་རྩེད་ལ་ཆགས་པའི་མི་ལ་བྱ་སྤྱོད་གཞན་དག་དང་སེམས་ཁམས་གནད་དོན་ཡོད། དཔེར་ན་སྐྱོ་སྣང་དང་ཡིད་ཆད་འབྱུང་སླ་བ་དང་། མི་གཞན་དང་འབྲེལ་འདྲེས་བྱེད་མཁས་པོ་མེད་པ། སུན་སྣང་དང་སེམས་འཚབ་སླ་བ་སོགས་ཡོད།

          བྱིས་པ་ཞིག་གློག་རྡུལ་རོལ་རྩེད་ལ་ཆགས་ཡོད་མེད་བརྡར་ཤ་གཅོད་སྐབས། ཐོག་མར་ཁོང་གི་སྤྱི་ཚོགས་ནུས་པར་གནོད་སྐྱོན་ཕོག་ཡོད་མེད་བརྟག་དགོས། སློབ་སྦྱོང་། སྤྱི་ཚོགས་ཀྱི་འབྲེལ་བ། ལུས་ཕུང་གི་གནས་ཚུལ་ཇི་འདྲ་ཡིན་པ་དང་།  དེ་ནས་ཁོང་གི་མིའི་འབྲེལ་བར་ཤུགས་རྐྱེན་ཐེབས་ཡོད་མེད་བལྟ་དགོས། ཁྱིམ་བདག སློབ་གྲོགས། དགེ་རྒན་བར་གྱི་འབྲེལ་བ་ཇི་འདྲ་ཡིན་པ།  ད་དུང་ཁོང་ལ་དགའ་ཕྱོགས་ངན་པ་ཆགས་ཡོད་མེད་བལྟ་དགོས། ཞག་འདུག་བྱེད་མིན་དང་། རོལ་རྩེད་སྒྲིག་ཆས་མང་པོ་ཉོ་མིན། དེ་བཞིན་ཁོང་གི་ངལ་གསོའི་གོམས་གཤིས་ལ་འགྱུར་བ་བྱུང་ཡོད་མེད་བལྟ་དགོས། ཞོགས་པ་སྔ་མོ་ལངས་ཐུབ་མིན་དང་། ཟ་མ་དུས་ལྟར་ཟ་མིན། སྐད་ཆ་བཤད་རྒྱུར་སུན་ཡོད་མེད་སོགས།

 གློག་རྡུལ་རོལ་རྩེད་ལ་ཆགས་པ་ནི་ནད་རིགས་སུ་འགྱུར་བར་སྨན་བཅོས་ཀྱིས་རྗེས་ཆོད་དགོས།

          རང་རྒྱལ་དུ་ད་ལོའི་ཟླ་11 པར་རིགས་གཅིག་མཁས་ཅན་གྱིས་ཞིབ་འཇུག་བརྒྱུད《དྲ་བར་ཆགས་པའི་ནད་དཔྱད་ཚད་གཞི》ཐོག་མ་ཡོངས་བསྒྲགས་བྱས་པ་དང་། མ་འོངས་པར་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་ནས་ཆོག་མཆན་ཐོབ་རྗེས་རྒྱལ་ཡོངས་ས་གནས་ཁག་གི་བསམ་པའི་ཚན་ཁག་གི་སྨན་པའི་ཟུར་ལྟའི་ཚད་གཞི་རུ་འགྱུར་ངེས། གློག་རྡུལ་རོལ་རྩེད་ལ་ཆགས་པ་ནི་ནད་རིགས་གཅིག་ཏུ་གྱུར་ཡོད་ནའང་། རྒྱུ་རྐྱེན་དེའི་ཕྱིར་རོལ་རྩེད་ལ་དགའ་པའི་མི་དེ་དག་ལ་གནོན་ཤུགས་གཏན་ནས་སྤྲོད་མི་རུང་། གལ་ཏེ་སེམས་པའི་ནད་པ་ཞེས་པའི་རྟགས་སྦྱར་ན་བྱིས་པ་ཚོར་གནོད་པ་ཧ་ཅང་ཆེན་པོ་ཡོད། ཁྱིམ་བདག་ཚོ་ཡང་སེམས་ཁྲལ་ཐལ་དྲགས་པ་བྱེད་མི་དགོས་པར། དུས་རྒྱུན་རང་ཉིད་ཀྱིས་གློག་ཀླད་དང་ཁ་པར་སོགས་སར་བཞག་ནས། ཕྲུ་གུ་ཚོར་མིག་དཔེ་སྟོན་དགོས་པ་དང་། དུས་རྒྱུན་བྱིས་པར་འདུག་རོགས་མང་ཙམ་བྱེད་དགོས་ཤིང་། ཕྲུ་གུའི་དགའ་ཕྱོགས་མང་པོ་གསོ་སྐྱོང་བྱེད་དགོས། བྱིས་པར་སྐྱོན་བརྗོད་ཉུང་ཙམ་དང་བསྔགས་སྐུལ་མང་ཙམ་བྱས་ཏེ་བྱིས་པ་ཚོར་གྲུབ་འབྲས་ཐོབ་པའི་ཚོར་སྣང་སྔར་ལས་མང་པ་སྦྱིན་དགོས་པ་དང་། ལུགས་དང་མཐུན་པའི་ངང་ཕྲུ་གུར་རོགས་རམ་བྱས་ཏེ་མིག་མདུན་གྱི་དཀའ་ངལ་སེལ་དགོས།

རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།