རང་གི་བྱིས་པར་སློབ་གསོ་ཡག་པོ་གཏོང་དགོས།

རྩོམ་པ་པོ།   དུས་ཚོད།   2018-01-03རྩོམ་ཁུངས།    ནག་ཀྱཱ་བའི་སློབ་གསོ་འཕྲིན་སྟེགས།

 

         རང་ཉིད་ཀྱི་བྱིས་པའི་ཡོད་ཚད་དགེ་རྒན་ལ་བཅོལ་བ་ནི་དོན་དངོས་སུ་ཁྱིམ་བདག་གིས་བྱིས་པའི་ཡོད་ཚད་འཁུར་དུ་མ་བླངས་པའི་མཚོན་ཚུལ་ཞིག་རེད།དེའི་དབང་གིས་དགེ་རྒན་ནི་ཆེས་ཕུལ་དུ་བྱུང་ཞིག་བ་དང་འགན་འཁྲི་ཁུར་དུ་ལེན་པ་ཞིག་ཡིན་རུང་། ཁོས་ཀྱང་གཤམ་གྱི་ཕྱོགས་འདི་དག་ཤ་སྟག་ཏུ་སྒྲུབ་ཐུབ་པའི་ངེས་པ་གཏན་ནས་མེད།

    

       སློབ་མ་ཞིག་ལ་ཆ་མཚོན་ནས་བཤད་ན་སྦྱང་འབྲས་ཀྱི་བཟང་ངན་དང་ཀུན་སྤྱོད་ལེགས་མིན་ནི་ཆེས་གནད་འགག་ཅིག་ཡིན།ཀུན་སྤྱོད་ལ་ཁ་གསབ་བྱེད་པ་ནི་ནུས་པའི་སྐྱོན་ཆ་ཞིག་དང་། ནུས་པས་གང་ལ་ཡང་གཡོ་འགེལ་བྱེད་པ་ནི་ཀུན་སྤྱོད་ཀྱི་སྐྱོན་ཆ་ཞིག་རེད།འོན་ཀྱང་བྱིས་པའི་ཆེས་ལེགས་པའི་སྤྱོད་བཟང་གི་ཚད་གཞི་ནི་ཁོའི་ཁྱིམ་ཚང་གི་སློབ་གསོ་ལ་འབྲེལ་དམ་ཟབ་ཡོད་པ་ཞིག་ཡིན།དགེ་རྒན་ནི་སློབ་མར་ཤེས་བྱ་བརྒྱུད་སྤྲོད་དང་དོགས་གནད་སེལ་མཁན་ཞིག་ཡིན་པ་མ་གཏོགས།ཡོད་ཚད་སྐྱོན་བྲལ་གྱིས་ངང་ནས་སློབ་མ་གསོ་སྐྱོང་བྱེད་མཁན་ཞིག་གཏན་ནས་མིན། ཁྱིམ་བདག་ནི་བྱིས་པའི་མི་ཚེ་གང་བོར་ཤུགས་རྐྱེན་ཐེབས་མཁན་གྱི་མི་དེ་ཡིན་པས།ཕ་མའི་ངག་རྒྱུན་དཔེ་སྟོན་དང་བྱེད་སྟངས་སྣ་ཚོགས་ནི་ནམ་ཡང་དགེ་རྒན་གྱི་སྐར་བཞི་ཅུ་ཞེ་ལྔའི་སློབ་ཁང་སློབ་གསོ་ལས་ཤུགས་རྐྱེན་ཐེབས་ཆེས་ཆེ་བ་དེ་ཡིན། དེར་བརྟེན་རང་གི་བྱིས་པར་དགོས་འདོད་ཀྱི་སྤྱོད་ལམ་བཟང་བོ་ཞིག་ཡོད་པར་འདོད་ན་ཁྱིམ་ཚང་སློབ་གསོ་ནི་ཆེས་འགག་རྩར་གྱུར་ཡོད་པས། བྱིས་པའི་སློབ་སྦྱོང་དང་རིག་སྟོབས་འཕེལ་འགྱུར།མི་གཤིས་གསོ་སྐྱོང་སོགས་ལ་ཁྱིམ་བདག་གི་ནུས་ཤུགས་གཙོ་བོ་འདོན་དགོས་པ་ལས་དགེ་རྒན་ཁོ་ནས་སྒྲུབ་ཐུབ་པ་ཞིག་གཏན་ནས་མིན།

       དགེ་རྒན་གཅིག་པུས་ཁྱོད་ཀྱི་བྱིས་པར་ཆེས་ལེགས་པའི་གོམས་གཤིས་བཟང་བོ་ཞིག་སྤྲོད་མི་ཐུབ། མིག་མངས་ལ་རོལ་རྩེད་བྱེད་པ་དང་བརྙན་འཕྲིན་འཕྲུལ་ཆས་ཀྱི་མདུན་དུ་ནར་སོན་པའི་བྱིས་པ་དང་སློབ་གསོར་སྤྲོ་བ་ཡོད་ལ་དཔེ་ཀློག་ལ་དུངས་བ་ཡོད་པའི་ཁྱིམ་བདག་གིས་སློབ་གསོ་སྤྲད་པའི་བྱིས་པ་གཉིས་ལ་ཁྱད་པར་ཆེན་པོ་འདུག་པ་ཡིན །འདིའི་རྒྱུ་མཚན་ནི་ཁྱིམ་བདག་མང་བོ་ཞིག་གིས་ཕྱོགས་གཅིག་ནས་རང་ཉིད་ཀྱིས་བརྙན་འཕྲིན་ལ་ལྟ་བ་དང་ཕྱོགས་གཞན་ཞིག་ནས་བྱིས་པར་ནན་ཏན་གྱི་དཔེ་ཀློག་བྱེད་དུ་འཇུག་སྐབས་ནམ་རྒྱུན་བྱིས་པ་དང་འགལ་ཟླའི་སེམས་འགྱུ་བྱུང་བ་ཡིན། དེ་ནི་ཁྱིམ་བདག་གིས་བྱིས་པའི་སེམས་ཁམས་ལ་ཕྱིར་རྟོག་མི་བྱེད་པར་རང་ཉིད་ཀྱིས་སྒྲུབ་མི་ཐུབ་པའི་བྱ་བ་མཐའ་དག ཅིའི་ཕྱིར་བཙན་ཤུགས་ཀྱིས་བྱིས་པར་བསྒྲུབ་ཏུ་བཅུག་པ་ཡིན། ཕ་མ་ཚོས་ཡར་རྒྱས་བརྩོན་ལེན་དང་འཚོ་བའི་གོམས་གཤིས་ལེགས་པོ་ཡོད་པའི་བྱིས་པ་ཞིག་སྐྱེད་སྲིངས་བྱས་ཡོད་པ་ཞིག་ཡིན་ན། དེ་འདྲའི་བྱིས་པ་མང་ཆེ་བ་ནི་སློབ་སྦྱོང་ལ་དགའ་བ་མ་ཟད། ལུགས་མཐུན་གྱི་ངང་ནས་རང་ཉིད་ཀྱིས་དུས་ཚོད་ཀྱང་བཀོད་སྒྲིག་བྱེད་ཐུབ་པ་ཡིན། དེ་ལྟར་ཡིན་ན་ཕ་མས་བྱིས་པར་སློབ་གསོ་གཏོང་བའི་སེམས་ངལ་གྱི་གནས་སྟངས་ཀྱང་ཇེ་ཡངས་སུ་གཏོང་ཐུབ་པ་ཡིན། འོན་ཀྱང་ཁྱོད་ཀྱིས་བསམ་བློ་བཞི་གསུམ་བཅུ་གཉིས་དང་བློ་རྩལ་ཉི་ཤུ་རྩ་ལྔས་རང་གི་བྱིས་པའི་སྟེང་གི་སྐྱོན་ཆ་མཐའ་དག་སེལ་མ་ཐུབ་ཚེ། ཐོག་མར་ཕ་མ་ཚོས་རང་གིས་རང་ཉིད་ལ་སྐྱོན་བརྗོད་བྱས་ན། ད་གཟོད་བྱིས་པའི་སྟེང་གི་སྐྱོན་ཆའི་འབྱུང་རྩ་གང་ཡིན་པ་འཚོལ་ཐུབ་ངེས་ཡིན།དེ་བས་བྱིས་པའི་ཀུན་སྤྱོད་ལེགས་མིན་གྱི་འབྱུང་རྩ་ནི་ཕ་མ་དང་དེ་འབྲེལ་གྱི་བཟའ་མི་ཚང་མ་ཡིན་རྐྱེན་དགེ་རྒན་གྱིས་སློབ་གྲྭ་ལས་དུས་ཚོད་ཐུང་ཐུང་ཞིག་ནང་དུ་ཁྱོད་ཀྱི་བྱིས་པར་གོམས་གཤིས་བཟང་བོ་ཞིག་མྱུར་ཏུ་སྤྲོད་མི་ཐུབ་པ་ཡིན།

       དགེ་རྒན་གཅིག་པུས་ཁྱོད་ཀྱི་བྱིས་པར་དཔེ་ཀློག་གི་དགའ་སྣང་སྟེར་མི་ཐུབ། ཁྱིམ་བདག་མང་ཆེ་བས་རང་ཉིད་ཀྱི་བྱིས་པ་སློབ་སྦྱོང་ལ་མི་དགའ་བ་དང་དཔེ་ཆ་ལྟ་རྒྱུར་སྤྲོ་བ་མེད་པར་འཁང་ར་བྱེད་ཀྱིན་ཡོད་མོད། འོན་ཀྱང་ཁྱིམ་བདག་གིས་སེམས་གཏིང་ནས་རང་ཉིད་ཀྱིས་རང་ཉིད་ལ་དྲི་བ་ཞིག་མི་གཏོང་བ་མ་ཟད། ཁྱིམ་བདག་རང་ཉིད་དཔེ་ཆར་བལྟ་རྒྱུར་དགའ་འམ་མི་དགའ་བའི་གནས་སྟངས་ལ་བསམ་གཞིགས་ཀྱང་མི་བྱེད་པ་ཡིན །བྱིས་པའི་དཔེ་ཀློག་གི་དགའ་སྣང་ནི་ཆུང་དུས་ནས་བསྐྱེད་བསྲིང་བྱེད་དགོས་པ་ཞིག་སྟེ། བྱིས་པ་ལོ་གཉིས་ནས་གསུམ་གྱི་སྟེང་ནས་མགོ་བཙུགས་ཏེ་དཔེ་ཀློག་བྱེད་དུ་འཇུག་དགོས་པ་ལས། ཁྱོད་ཀྱིས་སྒུག་ནས་བྱིས་པ་སློབ་གྲྭར་སོང་རྗེས་དགེ་རྒན་གྱིས་ཁྱེད་རང་གི་བྱིས་པར་དཔེ་ཀློག་གི་གོམས་གཤིས་གསོ་སྐྱོང་བྱེད་པར་རེ་བཅོལ་གཏན་ནས་བྱེད་མི་ཉན།ཁྱེད་རང་གི་ཁྱིམ་ན་དཔེ་ཆ་ཇི་ལྟར་མང་ན་བྱིས་པས་དཔེ་ཀློག་བྱས་པའང་དེ་ལྟར་མང་བ་ཡིན། ཕ་མས་བྱིས་པར་དཔེ་སྟོན་གྱི་ནུས་པ་གལ་ཆེན་ཞིག་དང་སྣེ་ཁྲིད་ཀྱི་གོམས་གཤིས་མི་དམན་པ་ཞིག་ཐོན་ཐུབ་པས་བྱིས་པས་དེ་རིགས་ལ་ནུས་ལྡན་གྱི་ལད་མོ་བྱེད་པ་ཡིན། དེ་ལས་ལྡོག་སྟེ་བྱིས་པས་ཁྱོད་ཀྱིས་དོན་དག་གཞན་པ་སྒྲུབ་པར་ཁོ་ན་ལ་ལད་ཟློས་བྱས་པ་ཡིན་ན། ཆུང་དུས་ནས་དཔེ་ཀློག་གི་ཧེ་བག་ཡོད་མེད་དང་རྗེས་ཕྱོགས་ཀྱི་ཤེས་བྱའི་རིམ་ངོས་ཀྱི་ཁྱད་པར་ལས་དེ་བཞིན་བྱིས་པའི་ཤེས་རྟོགས་ཀྱི་ནུས་པ་དང་རྩོམ་ཡིག་འབྲི་བའི་ཆུ་ཚད་ཀྱི་ཐོག་ནས་ཀྱང་བྱིས་པ་དང་བྱིས་པའི་བར་ལ་ཁྱད་པར་ཆེན་པོ་ཡོད་པ་མཚོན་ཐུབ་པ་ཡིན།

       དགེ་རྒན་གྱིས་ཁྱོད་ཀྱི་བྱིས་པའི་འདོད་བློ་དང་འདུ་ཤེས་གསོ་སྐྱོང་བྱེད་པར་ཁག་ཐེག་བྱེད་མི་ཐུབ། དགེ་རྒན་གྱིས་ཁོ་ལ་སྤྲད་པའི་བྱིས་པ་མང་པོ་ཞིག་ལ་བསླབ་དེབ་ཀྱི་ཤེས་བྱ་དང་། འཚོ་བའི་གོམས་གཤིས་ཡོད་པ། མི་འཆོས་ཀྱི་གནས་ལུགས་དང་མི་གཞི་གསོ་སྐྱོང་། འདུ་ཤེས་བརྟན་པོ་ཡོད་པ་སོགས་ནས་ཁྱོད་ཀྱི་བྱིས་པ་ལ་ཕྱོགས་སྟོན་ཙམ་བྱེད་དགོས་པ་ལས། ཡོད་ཚད་དགེ་རྒན་གྱི་འགན་འཁུར་མིན་པར་འདི་ཚང་མ་ཕ་མ་གཉིས་ལ་བརྟེན་ནས་གསོ་སྐྱོང་བྱེད་དགོས་པ་ཞིག་ཡིན། དེར་བརྟེན་དགེ་རྒན་ལ་བྱིས་པའི་སྐྱོན་ཡོན་མཐའ་དག་ཁྱོད་ལ་ཁག་ཐེག་བྱས་ཏེ་བྱིས་པའི་ཡོད་ཚད་གསོ་སྐྱོང་བྱེད་པའི་འོས་འགན་མེད། འདིའི་རིགས་ནི་ཁྱིམ་བདག་གིས་རང་གི་བྱིས་པ་ལ་ཆུང་དུས་ནས་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་ནས་གསོ་སྐྱོང་བྱེད་དགོས་པ་ཞིག་ཡིན། གལ་ཏེ་ཁྱེད་ཀྱིས་བྱིས་པའི་ཡོད་ཚད་སྣང་མེད་དུ་བཞག་ཚེ། ཁྱོད་ཀྱི་བྱིས་པའི་སློབ་སྦྱོང་གི་འབྲས་བུ་བཟང་ཡང་། འོན་ཀྱང་བྱིས་པ་ལ་སེམས་ཤུགས་ཀྱི་གྲུང་ཤ་དང་གང་ཐུབ་ཀྱི་བློ་རྩ་བརྟན་པོ་མེད་པ་མ་ཟད། དོན་ཕྲན་ཚགས་ཀྱི་གདབ་སྐྱོན་ཙམ་ཡང་དང་ལེན་བྱེད་མི་ཐུབ་པ་ཡིན། དེ་བས་ཁྱིམ་བདག་གི་འགྲོགས་རྩལ་གསོ་ནི་སློབ་གསོ་ཀུན་ལས་ཆེས་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན་པ་ཤེས་དགོས་པ་ལས་ཁྱིམ་བདག་ཚོས་འདིའི་རིགས་དགེ་རྒན་གྱིས་བསྒྲུབ་དགོས་པའི་དོན་དག་ཞིག་ཏུ་ནམ་ཡང་བརྩི་མི་རུང་བ་ཡིན།

      དགེ་རྒན་གྱིས་ཁྱོད་ཀྱི་བྱིས་པར་ཡིན་རིང་བའི་བདེ་སྐྱིད་ཀྱི་ཚོར་སྣང་དེ་སྟེར་མི་ཐུབ།མི་གཅིག་གནས་སའི་ཐོག་མའི་ཁྱིམ་ཚང་གིས་མིའམ་བྱིས་པ་གང་དེའི་མི་ཚེ་གང་བོར་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པ་ཡིན། བཟའ་ཚང་ལ་བརྩེ་འདང་ཡོད་པ།  ཁྱིམ་ཚང་འཆམ་མཐུན་ཡིན་པ།ཡོད་ཚད་བརྩེ་བའི་ཁོར་ཡུག་ནས་ནར་སོན་པའི་བྱིས་པ་དེ། ཁྱིམ་ཚང་གི་བྱ་བར་མགོ་མཇུག་མེད་པ་དང་ནམ་རྒྱུན་བཟའ་འཁོན་གྱི་ནང་འཛིང་ཡོད་པའི་ཁྱིམ་ཚང་ནས་ནར་སོན་པའི་བྱིས་པ་དང་བསྡུར་བ་ཡིན་ན་ཐོག་མའི་བྱིས་པ་དེའི་སེམས་སུ་དྲོད་སྐྱིད་ཀྱི་འོད་སྣང་འཛོམས་པ་ཡིན།  འོན་ཀྱང་འདི་དག་ཚང་མ་དགེ་རྒན་གྱིས་སྟེར་ཐུབ་པ་ཞིག་མིན་པས། བྱིས་པ་ཞིག་གི་མི་ཚེ་གང་བོའི་མདུན་ལམ་དང་བདེ་སྐྱིད་ཀྱི་འབྱུང་རྩ་ནི་ཁྱིམ་ཚང་གི་སློབ་གསོས་ཐག་གཅོད་བྱེད་དགོས་ཞིག་པ་ཡིན་པ་ལས། སློབ་གྲྭ་ལས་དགེ་རྒན་གྱིས་ཐག་གཅོད་བྱེད་དགོས་པ་ཞིག་གཏན་ནས་མིན། མདོར་ན། ཆེས་བཟང་བའི་དགེ་རྒན་ཞིག་གིས་བྱིས་པར་ཕྱོགས་གང་ཐད་ནས་ཤུགས་རྐྱེན་ལེགས་པོ་ཞིག་འཇོག་པའི་དུས་ཚད་ནི་ལོ་ངོ་གསུམ་ནས་ལྔའི་བར་མ་གཏོགས་མེད་པ་ཡིན།  འོན་ཀྱང་ཁྱིམ་བདག་གིས་བྱིས་པར་ཤུགས་རྐྱེན་ཐེབས་ནུས་ཀྱི་དུས་ཚོད་ནི་མི་ཚེ་ཧྲིལ་བོ་ཡིན་པ་ཤེས་དགོས།  ཁྱོད་ཀྱི་བྱིས་པ་ནི་དགེ་རྒན་གྱི་ཁུར་བོ་མིན་ལ།གཅེས་ཕྲུག་ཀྱང་དེ་བས་མིན། དེ་ནི་ཁྱིམ་བདག་ཁྱོད་རང་ཉིད་ཀྱིས་རེ་བཅོལ་བྱེད་སའི་གཅེས་ལོ་ཤ་སྟག་ཡིན།ཁྱིམ་བདག་ནི་ནམ་ཡང་རང་ཉིད་ཀྱི་བྱིས་པའི་དགེ་རྒན་དང་པོ་ཡིན་ལ། ནམ་ཡང་བྱིས་པའི་མི་དཔེ་བལྟ་ཡུལ་གྱི་སྟོན་པ་ལྟ་བུ་ཡིན་པས་ཁྱོད་རང་ནམ་ཡང་གང་ས་ནས་ཚད་ལྡན་གྱི་ཕ་མ་ཞིག་བྱེད་པར་རེ་བ་ཤིན་ཏུ་ཆེ། བརྒྱ་བཤད་ཚིག་གི་རྩ་བ།སྟོང་བྱུགས་འོ་མའི་མར་ལོ་ནི་ཁྱོད་ཀྱི་བྱིས་པ་ནི་དགེ་རྒན་གྱིས་ཁུར་དུ་ལེན་པའི་བྱིས་པ་མང་བོའི་ནང་གི་གཅིག་ཡིན་ལ། དགེ་རྒན་གྱིས་ཁྱོད་ཀྱི་བྱིས་པར་སློབ་གསོ་གཏོང་བ་ནི་ཁོའི་བྱ་བ་མཐའ་དག་གི་ནང་ནས་གྲུབ་ཆ་གཅིག་ཡིན་པ་ལས་ཁྱོད་ཀྱི་བྱིས་པ་གཅིག་པུ་དགེ་རྒན་གྱི་བྱ་བའི་ཡོད་ཚད་མིན་པ་ཤེས་དགོས། འོན་ཀྱང་ཁྱིམ་བདག་ཁྱོད་ནི་དགེ་རྒན་དང་གཏན་ནས་མི་འདྲ་བ་མ་ཟད།བྱིས་པ་ནི་ཁྱོད་ཀྱི་མ་འོངས་པའི་ཡོད་ཚད་ཡིན་པས་སོ།།  རྒྱུ་མཚན་དེའི་དབང་གིས་རང་གི་བྱིས་པར་སློབ་གསོ་ལེགས་པོ་ཞིག་གཏོང་རྒྱུ་ནི་ཁྱོད་ཀྱི་ལས་དོན་གལ་ཆེན་ཞིག་ཡིན། 

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།