ཁྲེང་ཏུའུ་རུ་སྐད་གཉིས་སློབ་གསོར་ཞིབ་འཇུག་གི་བྱ་འགུལ་སྤེལ།

རྩོམ་པ་པོ།   མགོན་པོ་ཚེ་བརྟན། དུས་ཚོད།   2017-12-14རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          རྔ་བའི་གསར་འགྱུར་དྲ་བའི་འཕྲིན། ཟླ12པའི་ཚེས13ཉིན།   སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་གིས་གཙོ་སྒྲུབ་མཛད་པའི་སི་ཁྲོན་ཞིང་ཆེན་གྱི་2017ལོའི་སྐད་གཉིས་སློབ་གསོར་ཆེད་དོན་ཞིབ་འཇུག་བྱ་འགུལ་གྲོང་ཁྱེར་ཁྲེང་ཏུའུ་རུ་སྤེལ། ཚོགས་ཐོག་ཏུ་རྔ་བ་ཁུལ་དང་དཀར་མཛེས་ཁུལ། ལིའང་ཧྲན་ཁུལ། ལེ་ཧྲན་གྲོང་ཁྱེར་སོགས་ནས་ཡོང་བའི་སློབ་གསོའི་ཆེད་མཁས་པ་དང་སྐད་གཉིས་དགེ་རྒན་130ལྷག་ཞུགས་ཡོད་པ་དང་། སི་ཁྲོན་ཞིང་ཆེན་གྱི་སློབ་གསོའི་ཆེད་མཁས་པ་དང་སི་ཁྲོན་ཞིང་ཆེན་སློབ་གསོ་ཚན་རིག་གླིང་གི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་གླིང་གཙོ་ལིའུ་ཐའོ་དང་། བོད་ཀྱི་སློབ་གསོའི་འབུམ་རམས་པ་དང་ཆེད་མཁས་པ། འབུམ་རམས་པའི་མཛུབ་སྟོན་དགེ་རྒན་དཔལ་ལྡན་ཉི་མ། སྐད་གཉིས་སློབ་གསོའི་ཆེད་མཁས་པ་རྒན་འཇམ་དབྱངས་བཀྲ་ཤིས་སོགས་ཚོགས་འདུར་གདན་དྲངས་ཡོད་པར་མ་ཟད། ཚོགས་ཐོག་ཏུ་སྐད་གཉིས་སློབ་གསོའི་སྐོར་གྱི་གཏམ་བཤད་སྤེལ། 

          གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ཚོགས་ཐོག་ཏུ་སི་ཁྲོན་ཞིང་ཆེན་གྱི་སྐད་གཉིས་སློབ་ཁྲིད་ཀྱི་ཞིང་ཆེན་རིམ་པའི་ཁྲིད་རྩལ་འགྲན་སྡུར་སྤེལ། འགྲན་སྡུར་ཁྲོད་རང་ཁུལ་གྱི་རྔ་བ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གི་དགེ་རྒན་ཚེ་དར་དང་ཧུང་ཡོན་རྫོང་བོད་ཡིག་སློབ་འབྲིང་གི་དགེ་རྒན་གཡང་མོ་མཚོ་གཉིས་ལ་སོ་སོར་སློབ་ཆུང་དང་སློབ་འབྲིང་གི་རྩིས་རིག་ཁྲིད་རྩལ་གྱི་ཨང་དང་པོ་ཐོབ་པ་དང་། གཞན་རྔ་བ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གི་དགེ་རྒན་བསོད་ནམས་སྒྲོལ་མ་དང་རྔ་བ་རྫོང་རྨེ་སྐོར་སློབ་ཆུང་གི་དགེ་རྒན་ལྷ་མོ་འཚོ། ཝུན་ཁྲོན་རྫོང་ཧྲུའེ་མའོ་སློབ་འབྲིང་གི་དགེ་རྒན་མཁའ་འགྲོ་འཚོ་དང་མཛོད་དགེ་རྫོང་ཐང་སྐོར་སློབ་ཆུང་གི་དགེ་རྒན་བསོད་ནམས་སྒྲོལ་མ་སོགས་ལ་ཞིང་ཆེན་རིམ་པའི་ཁྲིད་རྩལ་འགྲན་སྡུར་ཁྲོད་ཨང་གཉིས་པའི་བྱ་དགའ་ཐོབ་ཡོད། 

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།