སྐྱེ་ཁམས་ཁོར་ཡུག་རྒུད་པ་དམངས་ཀྱི་གྱོང་།། ཉམས་པ་སླར་གསོ་ཡོང་མིན་དམངས་ལ་ཐུག།

རྩོམ་པ་པོ།   ཚེ་རིང་ལྷ་མོ། དུས་ཚོད།   2017-12-12རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།


         རྔ་བའི་གསར་འགྱུར་དྲ་བའི་འཕྲིན།  ཉེ་ཆར་ཁུལ་དམངས་འཐུས་གྲོང་ཁྱེར་ཁོར་ཡུག་ཐོན་ཁུངས་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་པའི2017ལོའི་རྔ་བའི་ཁོར་སྲུང་རི་ལུང་འགྲིམ་པ་ཞེས་པའི་སྨྱན་སྦྱོར་བཅར་འདྲིའི་ཚོ་ཆུང་མཛོད་དགེ་རྫོང་ཐང་སྐོར་གྲོང་རྡལ་དུ་ཐོན་པ་ན། གསར་འགོད་པས་མཐའ་ཡས་པའི་རྩྭ་ཐང་དུ་ཡུལ་མི100ལྷག་བྱེ་འགོག་བྱེ་བཅོས་ཀྱི་ལས་ལ་བྲེལ་བཞིན་པ་མཐོང་། གསར་འགོད་པས་རྒྱུས་ལོན་པ་ལྟར་ན། འདི་ནི་མཛོད་དགེ་རྫོང་གི་བྱེ་འགོག་བྱེ་བཅོས་རྣམ་གྲངས་ཀྱི་ལས་རིམ་གཉིས་པ་ཡིན་པ་དང་། ཁྱོན་སྤྱི་ཆིང1758.56བཅོས་ཟིན། དེ་ལས་བྱེ་ཡོལ་དང་ལྗོན་ཤིང་འཛུགས་པ། རྩྭ་འདེབས་པ། ལུད་རྒྱག་པ་སོགས་ཀྱི་བཅོས་ཐབས་ལམ་ནས་འགུལ་སྐྱོད་ཀྱི་བྱེ་ཐང་སྤྱི་ཆིང166.02བཅོས་པ་དང་། རྩྭ་འདེབས་པ་དང་ལུད་རྒྱག་པ་སོགས་ཀྱི་བཅོས་ཐབས་ལམ་ནས་གཏན་འཇགས་ཀྱི་བྱེ་ཐང་སྤྱི་ཆིང1592.54བཅོས་ཡོད།

གླེང་རི་བ་ཞིག་ལ་བྱེ་ཡོལ་གྱིས་བྱེ་མ་གང་སར་འཁུར་བར་འགོག་པ་དང་། ཐེངས་མང་པོར་གདམ་གསེས་ལས་ཐོན་པའི་མཐོ་སྒང་གི་ལྕང་མྱུག་དག་ཡུལ་འདིའི་གནམ་གཤིས་དང་འཕྲོད་པར་མ་ཟད། གྲང་ངར་ཐུབ་པ་དང་གསོན་སླ་བས་བྱེ་འགོག་གི་ནུས་པ་བསམ་གྱིས་མི་ཁྱབ།

      མཛོད་དགེ་རྫོང་བྱེ་འགོག་བྱེ་བཅོས་ལས་རིམ་གཉིས་པའི་འགན་འཁུར་བ་ཉི་མ་ཚེ་རིང་གིས་བཤད་པར། ད་ལྟ་ང་ཚོས་སྒྲུབ་བཞིན་པ་ནི་ཕ་ཡུལ་ལ་སྲུང་སྐྱོང་བྱེད་པའོ།།མཛོད་དགེའི་རྩྭ་ཐང་ནི་སི་ཁྲོན་དང་། ཀན་སུའུ། མཚོ་སྔོན་བཅས་ཀྱི་ས་མཚམས་སུ་ཡོད་ལ། རྨ་ཆུ་དང་འབྲི་ཆུའི་སྟོད་རྒྱུད་དུ་ཁེལ་ཡོད་པས། ལོ་རེར་རྨ་ཆུའི་བརྒྱ་ཆ30གནས་འདི་ནས་ཐོན་གྱི་ཡོད། གནས་འདིའི་ནམ་མཁའ་སྔོ་ཞིང་དྭངས་ལ། ཆུ་མོ་དྭངས་ཤིང་བསིལ། རྟ་ནོར་ལུག་གསུམ་གྱིས་རི་ལུང་ཀུན་ཏུ་ཁྱབ་འདུག

      དུས་རབས་སྔོན་མའི་ལོ་རབས་དྲུག་ཅུ་བདུན་ཅུ་ནས་བཟུང་། ས་གནས་མང་ཚོགས་ཀྱིས་ནོར་ལུག་འཚོ་སྐྱོང་གི་ཁྱབ་ཁོངས་རྒྱ་བསྐྱེད་ཆེད་དུ་རྩྭ་ཐང་དང་བརླན་ས་ཀུན་ཏུ་རྐ་དྲངས་པས། བརླན་སའི་སྐྱེ་ཁམས་དང་ཆུ་མགོའི་ནུས་པར་གཏོར་བརླག་ཚད་མེད་ཐེབས་པས། བརླན་ས་དང་རྩྭ་ཐང་ཀུན་ཏུ་ཕྱུགས་ཟོག་མང་དྲག་པས་རིམ་བཞིན་དུ་བྱེ་མར་གྱུར་བར་བཤད།

      ཕྱུགས་ཟོག་གི་གྲངས་འབོར་ཁོ་ན་གཙིགས་སུ་བཟུང་བས་རྩྭ་ཕྱུགས་དོ་མ་མཉམ་པར་ད་གཟོད་རྩྭ་ཐང་བྱེ་མར་གྱུར་ཞིང་། སྐྱེ་ཁམས་ལ་གཏོར་བརླག་ཐེབས་པས་ཡུལ་མི་ཚོ་དཀའ་ངལ་ལ་ཕྲད། རྩྭ་ཐང་བྱེ་འགྱུར་གྱི་རྣམ་པ་ཉིན་བཞིན་ཛ་དྲག་ཏུ་ཕྱིན།

      བྱེ་མའི་ཀློང་དུ་ཕན་ཚུན་གྱི་གདོང་ཡང་གསལ་བོ་མཐོང་ཐུབ་ཀྱི་མེད་ལ། སྒོ་དང་སྒེའུ་ཁུང་སོགས་ལས་བྱེ་མ་ཁྱིམ་དུ་འཁུར་འོང་ལ། ཉིན་རེར་ཐེངས་དུ་མར་གད་བརྡར་བྱས་ཀྱང་བྱེ་མ་དང་འབྲལ་ཐབས་ཁྱོན་ནས་མི་འདུག་ཅེས་མཛོད་དགེའི་ཡུལ་མི་ཚོས་སྔོན་ཆད་ཀྱི་བྱེ་མ་དང་འཐབ་འཛིང་གི་འདས་དོན་ལ་ཕྱིར་དྲན་བྱེད་ཀྱིན་འདུག

      2007ལོ་ནས་བཟུང་སི་ཁྲོན་ཞིང་ཆེན་སི་ཁྲོན་ནུབ་རྒྱུད་ཀྱི་བྱེ་འགོག་བྱེ་བཅོས་ལས་གཞིའི་འཆར་འགོད་ལ་ཆེད་མཁས་པས་བརྟག་དཔྱད་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་བྱེ་བཅོས་ཀྱི་ལས་མགོ་བརྩམས་པ་ནས་བཟུང་། ད་བར་དུ་ཏག་ཏག་ལོ་བཅུ་འགོར་བ་རེད། མཛོད་དགེ་རྫོང་ཁོར་སྲུང་ནགས་ལས་ཅུས་ནས་རྒྱུས་ལོན་པ་ལྟར་ན། 2007ལོ་ནས2016ལོའི་བར་དུ་མཛོད་དགེ་རྫོང་གིས་ཁྱོན་སྤྱི་ཆང་ཁྲི2.9ལྷག་གི་རྩྭ་ཐང་དུ་བྱེ་འགོག་བྱེ་བཅོས་བྱས་ཤིང་། གྲུབ་འབྲས་གཡུར་དུ་ཟ་བ་བླངས་འདུག

       ཉེ་བའི་ལོ་ཤས་རིང་ལ། མཛོད་དགེ་རྫོང་གིས་སྐྱེ་ཁམས་མུ་སྤེལ་འཕེལ་རྒྱས་ཀྱི་བརྗོད་གཞི་གཞིར་བཟུང་སྟེ། བརླན་ས་སྲུང་སྐྱོང་ལ་ཤུགས་བསྣན་ཞིང་། བྱེ་འགོག་བྱེ་བཅོས་ཀྱི་ལས་ཀའི་ཉམས་མྱོང་ལས་མཐོ་སྒང་གི་ལྕང་མ་འཛུགས་པ་དང་རྩྭ་འདེབས་པའི་བྱེ་འགོག་བྱེ་བཅོས་ཀྱི་རྣམ་པ་སྤྱད་པས། ལྗང་མདོག་སླར་གསོར་གྲུབ་འབྲས་མི་དམན་པ་ཐོབ་ཡོད།

        ཆོས་རྗེ་ཡུལ་ཚོའི་རྒྱ་རྗེ་གྲོང་ཚོའི་འབྲོག་པ་པདྨས་བཤད་པར། སྔོན་ཆད་ང་ཚོས་ཕྱུགས་ཟོག་ཁོ་ནར་བསམ་བློ་གཏོང་བ་ལས་གཞན་ཅི་ཡང་ཤེས་ཀྱི་མེད་ལ། རྗེས་སུ་རྩྭ་ཐང་བྱེ་འགྱུར་གྱི་གནད་དོན་རིམ་བཞིན་ཛ་དྲག་ཏུ་ཕྱིན་པ་ནས་བཟུང་། ཁོར་ཡུག་ལ་གནོད་པ་ཚབས་ཆེན་ཐེབས་པ་རེད། ད་ལྟ་བྱེ་འགོག་བྱེ་བཅོས་ཀྱི་ལས་ཀ་སྤེལ་བས་རྩྭ་ཐང་ལ་སྲུང་སྐྱོང་ཐོབ་པར་མ་ཟད། ཉིན་རེར་ཡོང་འབབ་སྒོར120ལོན་གྱི་ཡོད། རྗེས་མར་རྩྭ་ལེགས་པར་སྐྱེས་རྗེས་མཛེས་སྡུག་གི་རྩྭ་ཐང་དུ་ལྗོངས་སྐོར་ལས་ཀ་གཉེར་ན་ཆོག་ཆོག་ཡིན་ཟེར། ད་ལྟ་རྩྭ་ཐང་སྐྱེ་ཁམས་སླར་གསོ་བྱུང་བ་ནས་ལྗོངས་སྐོར་བ་རིམ་གྱིས་ཇེ་མང་དུ་ཕྱིན་པ་དང་། ཡུལ་མི་ཚོས་ཀྱང་འབྲོག་ཁྱིམ་སྤྲོ་གསེང་གླིང་གང་མང་དུ་བསྐྲུན་དང་སྐྲུན་བཞིན་ཡོད།

       རྨ་འབྲུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་དང་ཆུ་མགོ་གཙོ་ཤོས་ལ་མཚོན་ན། མཛོད་དགེའི་རྩྭ་ཐང་བྱེ་འགྱུར་གྱི་དུས་རིམ་དང་པོ་ན་ཡོད་ལ། བྱེ་བཅོས་ཀྱི་དུས་རིམ་ཆེས་ཡག་ཤོས་དང་གནད་འགག་གི་དུས་རིམ་ཡང་ཡིན། ཡུན་རིང་དུ་འབད་པ་ཧུར་ཐག་བྱས་ན་མཛོད་དགེ་རྫོང་གི་བྱེ་འགོག་བྱེ་བཅོས་ཀྱི་ལས་གཞིར་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ལོན་པར་གདོན་མི་ཟའོ།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།