ཁྲིམས་སྐྱོང་མུན་སེལ།ཁྲིམས་ལུགས་ཀྱི་རྨོངས་པ་སེལ་བའི་སྒྲོན་མེ།

རྔ་བ་ཁུལ་བོད་རྒྱ་སྐད་གཉིས་ཁྲིམས་སྐྱོང་དྲིལ་སྒྲོག་པ་མགོན་པོ་སྐྱབས་ཀྱི་གནས་ཚུལ་བཀོད་པ།

རྩོམ་པ་པོ།   བསོད་ནམས་སྐྱིད།དུས་ཚོད།   2017-12-12རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།


        བཅའ་ཁྲིམས་ཀྱི་མདུན་དུ་སྤྱི་དམངས་རེ་རེ་འདྲ་མཉམ་ཡིན་ཞེས་ཀུན་ལ་གྲགས་པ་ལྟར། བཅའ་ཁྲིམས་ཀྱི་འདྲ་མཉམ་ཇི་ལྟར་ལག་ཏུ་བསྟར་བ་དང་ལོངས་སུ་སྤྱོད་དགོས་ཞེས་ན། ཁྲིམས་སྐྱོང་ཤེས་མིན་དང་ཁྲིམས་ལུགས་ཤེས་མིན་ནི་གནད་ཀྱི་དམ་པ་ཡིན་པས། ཁྲིམས་ལུགས་ས་ཁྱབ་རྡོ་ཁྱབ་ཏུ་བསྒྲགས་ནས་ཁྲིམས་འཛིན་པས་ཁྲིམས་ལེགས་པོར་སྐྱོང་བ་དང་སྤྱི་དམངས་ཀྱི་ཡིད་ལ་ཁྲིམས་ངེས་སུ་འཇུག་པ་ནི་བདག་གི་ཕྲག་ལ་བབས་པའི་ལས་འགན་ཡིན་ཞེས་མགོན་པོ་སྐྱབས་ཀྱིས་རྒྱུན་པར་བཤད་བཞིན་ཡོད་པར་མ་ཟད། ཁ་བཤད་ཆུ་ཡི་ཝུ་བ་ཙམ་མིན་པར་དོན་དངོས་སུ་གསེར་གྱི་ཐིགས་པ་བཞིན་ལག་ཏུའང་ལེན་བཞིན་ཡོད།

       དེ་ཡང་མགོན་པོ་སྐྱབས་ཀྱི་ཕ་ཡུལ་ནི་ཧུང་ཡོན་རྫོང་ཁྱུང་མཆུ་གྲོང་རྡལ་མག་གསར་སྡེ་བ་ཡིན་ལ། ད་སྐབས་རྔ་བ་ཁུལ་ཁྲིམས་འཛིན་ཅུས་ཀྱི་ཁྲིམས་ལུགས་གསལ་འབྱེད་ཁའོ་ཡི་ཁའོ་ཀྲང་གི་འགན་འཁུར་ཡོད། ཁོས་སྔ་རྗེས་སུ་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་ལུགས་དྲིལ་སྒྲོག་དཔྱད་ཡིག500ལྷག་དང་། བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་སྐྱོང་སློབ་གསོའི་དྲིལ་སྒྲོག་ཀློག་དེབ《རྔ་བ་ཁུལ་རོང་འབྲོག་མང་ཚོགས་ཀྱི་བཅའ་ཁྲིམས་ཤེས་བྱ་དང་གྱོད་དཔེ་བདམས་བསྒྲིགས》དང་《སྲོལ་མེད་ན་སྒྲིག་ལམ་མེད》《རྒྱ་སྐད་སྦྱོང་བ》སོགས་རྩོམ་སྒྲིག་བྱས་ནས་པར་དུ་བསྐྲུན་ཡོད་པར་མ་ཟད། དགོན་སྡེའི་དགེ་འདུན་པ་དང་གཞི་རིམ་འབྲོག་པ་མང་ཚོགས་ལ་འཚོ་བའི་ཁྲོད་བྱུང་བའི་གསོན་ཉམས་དོད་པའི་གྱོད་དཔེ་ལ་བརྟེན་ནས་ཁྲིམས་སྐྱོང་སྒྲོག་འགྲེལ་དང་། བཅའ་ཁྲིམས་དང་སྲིད་ཇུས། ཁྲིམས་སྲོལ་སྒྲོག་འགྲེལ་ཐེངས100ལྷག་བྱས་ཤིང་། བོད་རྒྱ་ཡིག་རིགས་གཉིས་ཀྱི་ཁྲིམས་ལུགས་སྤྱི་ཕན་དྲིལ་བསྒྲགས་ལི་ཐོ་སོགས་སྒྲིག་བཟོ་བྱས་པས། རོང་འབྲོག་མང་ཚོགས་ཀྱིས་ཁོ་ལ་ཁྲིམས་ཀྱི་ཕོ་ཉ་ཞེས་བསྟོད་པའི་མཐེ་བོང་ཡང་ཡང་བསྒྲེངས། ཡིན་ནའང་། ཁོའི་ཡིད་སེམས་ད་དུང་མགུ་མེད་དེ། རོང་འབྲོག་མང་ཚོགས་ལ་ཁྲིམས་ལུགས་སྒྲོག་ན་ཡིག་ཆ་ཁོ་ནར་བརྟེན་ན་འབྲས་བུ་ལེགས་པོ་འབྱུང་མི་ཐུབ། ངེས་པར་དུ་སྐད་དང་ཡི་གེ། བརྙན་བཅས་ཀྱི་ལམ་ནས་ཁྲིམས་ལུགས་ཤེས་བྱ་བསྒྲགས་ན་ཕན་ཆེན་པོ་ཐོགས་ངེས་ཞེས་ཁོས་བཤད་བྱུང་།

        དེ་ནས་ཁོས་གོང་རིམ་འགོ་ཁྲིད་ལ་རྔ་བ་ཁུལ་བོད་རྒྱ་སྐད་གཉིས་ཁྲིམས་སྐྱོང་དྲིལ་སྒྲོག་ལས་ཤག་ཅིག་འཛུགས་པའི་གྲོས་གཞི་ཡང་ཡང་བཏོན་པ་ན། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་དང་ལས་ཁུངས་ཀྱི་འགོ་ཁྲིད་བཅས་ཀྱིས་མཐོང་ཆེན་དང་རྒྱབ་སྐྱོར་བྱས་ཏེ། ཉེ་བའི་ལོ་ཤས་སུ་འཛུགས་སྐྲུན་མ་དངུལ་སྒོར་ཁྲི80བཏང་ནས། རྔ་བ་ཁུལ་བོད་རྒྱ་སྐད་གཉིས་ཁྲིམས་སྐྱོང་དྲིལ་སྒྲོག་ལས་ཤག་བཙུགས་ཤིང་། ད་ལོའི་ཟླ་བདུན་པ་ནས་ཁྲིམས་སྐྱོང་མུན་སེལ་ལེ་ཚན་དངོས་སུ་གཏོང་མགོ་བརྩམས། ལེ་ཚན་དུ་ཁྲིམས་སྐྱོང་རྔ་བ། ཁྲིམས་དང་མཉམ་སྐྱོད། ཁྲིམས་སྐྱོང་ཁྱིམ་གཞིས་བཅས་ནང་དོན་གསུམ་ཡོད་ལ། ཁུལ་ཡོངས་སུ་དཔེ་མཚོན་གྱི་གྱོད་དཔེ་དང་། དམངས་ཁྲོད་གཏམ་དཔེའམ་དགོད་གཏམ་སོགས་བསྡུ་སྒྲིག་བྱས་རྗེས་ཁྲིམས་སྐྱོང་གི་གྲུབ་ཆ་ཁ་སྣོན་དང་། སྐད་གཉིས་ཁྲིམས་སྐྱོང་དྲིལ་སྒྲོག་བརྙན་ཐུང་ཕབ་བསྐྲུན་བྱས་ནས་བརྙན་འཕྲིན་ཁང་དང་འཕྲིན་སྟེགས་སོགས་ནས་མང་ཚོགས་ཀྱིས་ལྟ་འདོད་པ་དང་རྟོགས་སླ་བའི་ཁྲིམས་སྐྱོང་བརྙན་ཐུང་ཐད་སྟོན་བྱས་ནས། རྒྱ་ཆེའི་ལྟ་མཁན་ལ་དགོས་མཁོ་ལྟར་གནད་དུ་འཁེལ་བར་ཁྲིམས་ལུགས་ཁྱབ་གདལ་བྱེད་བཞིན་ཡོད།

        མགོན་པོ་སྐྱབས་ཀྱིས་ངོ་སྤྲད་པ་ལྟར་ན། ཁྲིམས་སྐྱོང་མུན་སེལ་ལེ་ཚན་འདི་ཡི་འཁྲབ་གཞུང་ལ་བོད་ཀྱི་དམངས་ཁྲོད་གཏམ་དཔེ། ས་སྐྱ་ལེགས་བཤད་། དགོད་གཏམ་སོགས་གང་བཟང་གང་བདེར་བཀོལ་ཡོད་པར་མ་ཟད། ཁུལ་རིམ་པའི་ལས་ཁུངས་དང་། རྫོང་ཁག་གི་ཁྲིམས་འཛིན་ཅུས་ཀྱི་བསམ་སྤྱོད་དངོས་དང་ནང་དོན་གསར་བ། ཚིག་སྦྱོར་ཞིབ་ཚགས། ཁྲིམས་སྐྱོང་དང་འབྲེལ་ཡོད་ཀྱི་གྱོད་དོན་དངོས་བྲིས་སོགས་ཀྱི་གསར་རྩོམ་འཚོལ་སྡུད་བྱས་ཏེ། མང་ཚོགས་ཀྱིས་ལྟ་འདོད་ཀྱང་ཉན་པར་སྤྲོ་བའི་བོད་སྐད་ཁྲིམས་ལུགས་དྲིལ་བསྒྲགས་བརྙན་ཐུང་སྣ་ཚོགས་ཅི་ཐུབ་ཀྱིས་སྒྲིག་བཟོ་བྱས་པ་ཡིན་ལ། གཞན་ཕབ་སྐྲུན་བྱ་ཡུལ་ནི་འབྲོག་ཁུལ་རྐྱང་རྐྱང་བདམས་ནས། ཐད་ཀར་ས་གནས་ཀྱི་འབྲོག་པ་མང་ཚོགས་ལ་འཁྲབ་སྟོན་པ་བྱེད་དུ་བཅུག་ཏེ་ལེ་ཚན་མང་ཚོགས་ཀྱི་འཚོ་བ་ལ་ཉེ་བ་དང་།མང་ཚོགས་ཀྱིས་དང་དུ་ལེན་སླ་བའི་ཕྱོགས་ལ་འབད་བཞིན་ཡོད། བརྙན་ཐུང་དེ་དག་རྒྱ་ཁྱབ་ཏུ་སྤེལ་ཆེད་ངེད་ལས་ཁུངས་ཀྱིས་སྐད་འཕྲིན་འཕྲིན་སྟེགས་གསར་དུ་བཙུགས་ནས་སྤེལ་བཞིན་ཡོད་པར་མ་ཟད། འཕྲིན་སྦྱོར་གཞན་དག་གི་སྐད་འཕྲིན་དང་མཚོ་སྔོན་ཨ་མདོའི་བརྙན་འཕྲིན་ཁང་། གྲྭ་བཙུན་དང་འབྲོག་དམངས་ཀྱི་སྐད་འཕྲིན་ཚོགས་པ་སོགས་ནས་སྤེལ་བཞིན་ཡོད་ལ། ཁུལ་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ལས་བཟོ་བས་རྫོང་དང་ཡུལ་ཚོ་སོ་སོའི་ཁྲིམས་འཛིན་ཅུས་དང་ཁྲིམས་འཛིན་ཁང་ལ་བརྒྱུད་བསྐུར་བྱས་ནས་ལས་བྱེད་མི་སྣ་རང་ཉིད་ཀྱི་སྐད་འཕྲིན་ཚོགས་པའི་ནང་དུ་མཉམ་སྤྱོད་ཀྱང་བྱེད་བཞིན་ཡོད།

       མགོན་པོ་སྐྱབས་ཀྱིས་བཤད་རྒྱུར། སྐད་གཉིས་ཁྲིམས་སྐྱོང་དྲིལ་སྒྲོག་ལས་ཤག་གི་དཀའ་ངལ་སྐོར་གླེང་སྐབས། སྐར་མ་རེ་འགའ་ཡི་བརྙན་ཐུང་འདི་སྒྲིག་བཟོ་ནས་ཐད་སྟོན་བར་དུ་བརྒྱུད་རིམ་གང་མང་ཞིག་འདུས་ཡོད་དེ། འཁྲབ་གཞུང་རང་གིས་རྩོམ་དགོས་ལ། འཁྲབ་སྟོན་པ་འཚོལ་བ། ཕབ་སྐྲུན། སྒྲིག་བཟོ། སྐད་སྦྱོར། ཐད་སྟོན་སོགས་བརྒྱུད་རིམ་ཚང་མ་ང་གཅིག་པུས་འགན་འཁུར་ཡོད། མཚམས་རེར་རང་གི་གཉེན་ཉེའམ་ཡུལ་མི་འཚོལ་ནས་འཁྲབ་སྟོན་བྱེད་དུ་བཅུག་པ་དང་། མཚམས་རེར་འཁྲབ་སྟོན་པ་མེད་པས་རང་ཉིད་ཀྱིས་ཡང་འཁྲབ་སྟོན་མི་བྱེད་ཐབས་མེད་ཡིན། ནམ་རྒྱུན་གཞི་རིམ་དང་འབྲོག་ས་ནས་མང་ཚོགས་འདྲི་ལ་དགའ་བ་དང་ཤེས་འདོད་པ། རང་ཉིད་ཀྱི་གམ་དུ་བྱུང་བའི་གྱོད་དཔེ་དང་གླེང་ཕྱོགས་མང་བའི་གནད་དོན་འཁྲབ་གཞུང་དུ་བེད་སྤྱོད་བྱེད་ཅི་ཐུབ་བྱས་པ་ཡིན། དཀའ་ལས་མང་བོ་བརྒྱུད་མཐར་བསམ་ཡུལ་ལས་འདས་པའི་གྲུབ་འབྲས་བླངས་ཡོད། ལྟ་མཁན་མང་བར་མ་ཟད། བརྒྱུད་བསྐུར་མཁན་ཡང་ཤིན་ཏུ་མང་། རྔ་བ་ཁུལ་ཙམ་མིན་པར་བོད་ཀྱི་ས་ཆ་སོ་སོ་ན་ལྟ་མཁན་ཡོད། རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་ཕན་ཆེན་པོ་ཐོགས་བཞིན་ཡོད་པས་འགན་འཁྲི་ལྕི་ཡང་ལས་འདོད་ཀྱི་སེམས་ཤུགས་ཤིན་ཏུ་ཆེ་ཟེར།

       ངའི་བུ་ཡེ་ཤེས་ཀྱི་སྐད་འཕྲིན་ལས་ལེ་ཚན་འདི་ལ་ལྟ་མྱོང་། བརྙན་ཐུང་ཧ་གོ་སླ་ལ། རྩེད་མཚར་གྱི་ཉམས་དང་ལྡན་པས་དགོད་གཏམ་ཐུང་ཐུང་ཞིག་ལ་ལྟ་བཞིན་པ་དང་མཚུངས། ལྟ་འདོད་ཀྱི་མོས་པ་ཆེ་བར་མ་ཟད། ཁྲིམས་སྲོལ་སློབ་ཐུབ་ལ། སློབ་གསོ་ཡང་ཐོབ་ཐུབ། རང་སྡེ་བའི་རྒན་པ་ཚོས་བརྙན་ཐུང་ལ་བལྟས་ནས་བསླབ་པའི་ཁྲིམས་སྲོལ་ཤེས་བྱས་གཞོན་ནུ་ལོ་ཆུང་ཚོ་ལ་སློབ་གསོ་ཡང་གཏོང་ཐུབ་ཅེས་ཧུང་ཡོན་གསེར་དེའུ་ཡུལ་ཚོའི་སྐལ་བཟང་གིས་བཤད་བྱུང་།

       མཛོད་དགེ་རྫོང་བཞག་སྡོམ་ཡུལ་ཚོའི་དགེ་རྒན་དབང་ཆེན་གྱིས་བཤད་རྒྱུར། ཁྲིམས་སྐྱོང་མུན་སེལ་ལེ་ཚན་བོད་ཁུལ་གྱི་དགོན་སྡེའི་གྲྭ་བཙུན་གྱི་བསམ་པའི་འཁྱེར་སོ་དང་བསྟུན་ཞིང་། འབྲོག་ཁུལ་གྱི་གཞི་རིམ་མང་ཚོགས་ཀྱི་འཚོ་བ་དངོས་དང་ཟུང་འབྲེལ་བྱས་ཡོད་ལ།འཁྲབ་གཞུང་ལ་སྤྲོ་སྣང་དང་ཁྱད་ཆོས་ལྡན་པ། སློབ་གསོ་དང་ཁྲིད་སྟོན་གྱི་ལམ་ནས་དགོན་སྡེའི་དགེ་འདུན་དང་འབྲོག་པ་མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་དང་ཁྲིམས་ལུགས་ཀྱི་འདུ་ཤེས་ཟམ་མི་ཆད་པར་མཐོ་རུ་གཏོང་བར་ཕན་ནུས་ཆེན་མོ་ལྡན་ཟེར།

        ཁྲིམས་སྐྱོང་མུན་སེལ་ལེ་ཚན་ནི་དངོས་ཡོད་ལ་ཉེ་བ། འཚོ་བ་ལ་ཉེ་བ། མང་ཚོགས་ལ་ཉེ་བའི་ཁྲིམས་སྐྱོང་གི་བརྙན་ཐུང་ཏག་ཏག་ཡིན་ལ།མང་ཚོགས་ཚོས་དོ་ཁུར་བྱེད་པའི་དོན་དག་དང་དཀའ་ཚེགས་ཆེ་བའི་གནད་དོན། དོགས་གནད་སོགས་གསལ་འགྲེལ་བྱས་ཡོད་པས། ཏང་དང་སྲིད་གཞུང་གི་སྲིད་ཇུས། དེ་བཞིན་ཁྲིམས་ལུགས་འདུ་ཤེས་དང་ཁྲིམས་བཀུར་བ། ཁྲིམས་སྲུང་བ། ཁྲིམས་བེད་སྤྱོད་བཅས་ཀྱི་རང་རྟོགས་འདུ་ཤེས་ཆེ་རུ་གཏོང་ཐུབ་ལ། སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་བོད་ཁུལ་བསྐྲུན་པར་བྱས་རྗེས་ཆེན་པོ་བཞག་འདུག་པས་བོད་རིགས་ས་ཁུལ་གྱི་དགོན་སྡེའི་གྲྭ་བཙུན་དང་ལས་བྱེད་མང་ཚོགས་ཚོས་གདེང་འཇོག་ཆེན་བོ་བྱེད་བཞིན་ཡོད་ཅེས་སྐྱ་མགོ་དགོན་གྱི་ཨ་ཁུ་ཐུབ་བསྟན་གྱིས་བཤད་བྱུང་།།

རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།