སྒེག་མའི་སྒྲ་དབྱངས་སྟོང་གསུམ་ཁམས་ལ་ཁྱབ།

རྩོམ་པ་པོ།   མགོན་པོ་ཚེ་བརྟན།དུས་ཚོད།   2017-12-06རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

ཧུང་ཡོན་རྫོང་སྤུན་མཆེད་མའི་སྒྲོག་འགྲེལ་ཚོགས་པས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སྒྲོག་འགྲེལ་བྱས་ཚུལ་བཀོད་པ།

              ཀྲུང་གུང་ཧུང་ཡོན་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག 2013ལོར་ཧུང་ཡོན་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྣེ་ཁྲིད་ནས། རྫོང་འཕྲོད་བསྟེན་ཅུས་དང་ཁྲིམས་འཛིན་ཅུས། དམངས་སྲིད་ཅུས་སོགས་འབྲེལ་ཡོད་སྡེ་ཁག་ནས་སྐད་གཉིས་སྨྲ་བར་རང་དབང་ལྡན་ཞིང་གཞི་རིམ་བྱ་བར་ཉམས་མྱོང་ཡོད་པ། ཏང་དང་རྒྱལ་ཁབ་གྱི་སྲིད་ཇུས་ལ་བྱང་ཆ་ལྡན་པ། ལྷག་པར་དུ་བུད་མེད་ཀྱི་བདེ་ཐང་དང་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་གི་ཆེད་དུ་ལྷག་བསམ་ཟོལ་མེད་ཀྱི་ཞབས་ཞུ་སྒྲུབ་འདོད་ཡོད་པའི་བུད་མེད་ལས་བྱེད་པ་13བདམས་ནས། རྩྭ་ཐང་མ་ཡུམ་བྱམས་སྐྱོང་གི་སྤུན་མཆེད་མའི་སྒྲོག་འགྲེལ་ཚོགས་པ་ཐོག་མར་ཚུགས་པ་ཡིན་ལ། ཚོགས་པ་འདིས་འདས་ཟིན་པའི་ལོ་ངོ་ལྔའི་རིང་དུ་འབད་བརྩོན་ལྷོད་མེད་དང་དཀའ་བ་ལྷུར་ལེན་གྱིས་མུ་མཐའ་བྲལ་བའི་ཧུང་ཡོན་རྩྭ་ཐང་ཆེན་མོའི་ཁོད་ཡངས་བའི་རི་མཐོ་ས་གཙང་གི་གྲུ་ཟུར་རེ་རེར་ཁོ་མོ་ཚོའི་ཞབས་རྗེས་དཔར་ཡོད་པ་མ་ཟད། རྫོང་ཡོངས་ཀྱི་འབྲོག་པ་མང་ཚོགས་ཀྱི་སེམས་ཁུངས་སུ་ཁོ་མོ་ཚོ་ནི་དྲིན་ལན་གཞལ་དུ་མེད་དྲིན་ཆེན་གྱི་ཕ་མ་ལྟ་བུར་ཆགས་འདུག ལོ་ངོ་ལྔའི་རིང་དུ་ཁོ་མོ་ཚོ་རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱི་འཚོ་བར་ཉེ་བར་བཅར་ནས་གོ་སླ་བའི་ཁ་སྐད་ཀྱི་ལམ་ནས་འབྲོག་པ་མང་ཚོགས་ལ་འབྲེལ་བ་དམ་ཟབ་ཡོད་པའི་ཁྲིམས་ལུགས་ཤེས་བྱ་དང་ཏང་གི་སྲིད་ཇུས་གལ་ཆེན་སོགས་སྒྲོག་འགྲེལ་དང་། ལྷག་པར་དུ་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་དང་བུད་མེད་ཀྱི་བདེ་ཐང་དང་འཕྲོད་བསྟེན་སོགས་གཙོ་བོར་བཟུང་ནས་སྒྲོག་འགྲེལ་བྱས་པ་མ་ཟད། ལོ་འདི་དག་གི་རིང་དུ་ཁོ་མོ་ཚོའི་བོད་རྒྱ་སྐད་གཉིས་ཀྱི་དྲིལ་སྒྲོག་ཡིག་ཆ་ཁྲི་8ལྷག་དང་སྒོར་ཁྲི་35ལྷག་གིས་འཕྲོད་བསྟེན་མཁོ་ཆས་ཉོས་ནས་བུད་མེད་ཚོར་ས་བྱིན་པ་དང་། རྫོང་ཡོངས་ཀྱི་བུད་མེད་མི་ཐེངས་ཁྲི་3ལྷག་གིས་ཁེ་ཕན་རེག་ཡོད་པ་རེད། 

         གསར་འགོད་པས་ཧུང་ཡོན་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྩྭ་ཐང་མ་ཡུམ་བྱམས་སྐྱོང་གི་སྤུན་མཆེད་མའི་སྒྲོག་འགྲེལ་ཚོགས་པས་ཡང་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སྒྲོག་འགྲེལ་བྱེད་བཞིན་ཡོད་ལ། ཁོ་མོ་ཚོའི་ནངས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ཚོགས་ཆེན་བཅུ་དགུ་བའི་སྙན་ཞུར་སློབ་སྦྱོང་དང་། སྒོས་སུ་སྙན་ཞུ་ལས་བུད་མེད་དང་འབྲེལ་བའི་ནང་དོན་རྣམས་བློར་བཟུང་ནས། རྫོང་ཡོངས་ཀྱི་བུད་མེད་ཚོར་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སྒྲོག་འགྲེལ་ཡག་པོ་ཞིག་བྱེད་པར་སྟ་གོན་བྱེད་བཞིན་ཡོད། རྩྭ་ཐང་མ་ཡུམ་བྱམས་སྐྱོང་གི་སྤུན་མཆེད་མའི་སྒྲོག་འགྲེལ་ཚོགས་པས་ཐེངས་འདིར་དགོན་པ་དང་ཁེ་ལས། ཡུལ་ཚོ་དང་གྲོང་རྡལ།འབྲོག་ཁྱིམ་སོགས་སུ་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སྒྲོག་འགྲེལ་བྱེད་རྒྱུ་རེད། ཚོགས་པ་འདིའི་དུས་དང་རྣམ་པ་ཀུན་དུ་རྫོང་ཡོངས་ཀྱི་བུད་མེད་རྣམས་ཀྱི་སྐྱིད་སྡུག་ཕྲག་ཏུ་བླངས་ནས།བུད་མེད་དང་འབྲེལ་བ་ཡོད་པའི་བྱ་བ་ཡོད་ཚད་ལ་མཐོང་ཆེན་བྱེད་བཞིན་ཡོད་པས། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བར་རོགས་འདེགས་དང་ཕན་པ་ཆེན་པོ་ཐོག་བཞིན་ཡོད་པ་རེད། དེའི་ཕྱིར་ད་ལོ་ཡང་རྩྭ་ཐང་མ་ཡུམ་བྱམས་སྐྱོང་གི་སྤུན་མཆེད་མའི་སྒྲོག་འགྲེལ་ཚོགས་པར་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་གཞི་རིམ་གཞུང་ལུགས་སྒྲོག་འགྲེལ་གྱི་སྔོན་ཐོན་ཐུན་མོང་གི་མཚན་སྙན་གནང་ཡོད་པ་རེད། 

         ཧུང་ཡོན་རྫོང་ནི་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེས་ཁམས་ནུས་ཁུངས་ཁུལ་ཡིན་ལ། སའི་རྒྱ་ཁྱོན་སྤྱི་ལེ་ཁྲི་བཞི་མ་ཁྲི་8400ལྷག་ཡོད། རྫོང་ཡོངས་སུ་གྲོང་རྡལ་5དང་ཡུལ་ཚོ་6ཡོད་ལ། མི་ཁྲི་4.7ལྷག་ཡོད། དེའི་ནང་བོད་རིགས་ཀྱི་བརྒྱ་ཆ་84.ཟིན་ཡོད། མཚོ་ངོས་ནས་མཐོ་ཚད་ཆ་སྙོམས་3600ལ་ཟིན་ཡོད་ཅིང་། ཆ་སྙོམས་དྲོད་ཚད་ཏུའུ་1.4ཡིན། ཧུང་ཡོན་རྫོང་ནི་རྔ་བ་ཁུལ་གྱི་ས་བབ་ཆེས་མཐོ་ལ་གནམ་གཤིས་ཆེས་འཁྱག་པ། འབྲོག་ལས་རྐྱང་བ་གཉེར་བཞིན་པའི་རྫོང་ཞིག་ཡིན་པས། ས་རྒྱ་ཆེ་ལ་མི་གྲངས་ཉུང་བ། འགྲིམ་འགྲུལ་སྟབས་མི་བདེ་བ་ནི་རྫོང་དེའི་དཀའ་གནད་ཆེན་པོ་ཞིག་དུ་གྱུར་ཡོད་པས། གཞི་རིམ་དུ་སོང་ནས་ཏང་གི་སྲིད་ཇུས་སྒྲོག་འགྲེལ་དང་བུད་མེད་རྣམས་ལ་ཐུགས་ཁུར་ཞབས་ཞུ་སྒྲུབ་རྒྱུ་ནི་ལས་སླ་མོ་ཞིག་གཏན་ནས་མིན། དེའི་ཕྱིར་འབྲོག་ཁུལ་བུད་མེད་ཀྱི་རྒྱལ་ཁབ་གྱི་སྲིད་ཇུས་མི་ཤེས་བ་དང་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་ཞན་པ། རང་ཉིད་ཀྱི་བདེ་ཐང་འདུ་ཤེས་ཞན་པ་དང་འཚོ་བའི་གོམས་གཤིས་མི་ལེགས་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་ན། རྩྭ་ཐང་མ་ཡུམ་བྱམས་སྐྱོང་གི་སྤུན་མཆེད་མའི་སྒྲོག་འགྲེལ་ཚོགས་པ་ལྟ་བུ་མུ་མཐུད་དུ་ཇེ་མང་དུ་འགྲོ་དགོས།

རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།