དགེ་རྒན་ཞིག་ཡིན་ན་ཁྲིད་གྲབས་ངེས་པར་འབྲི་དགོས་པའི་སྐོར་རགས་ཙམ་གླེང་བ།

རྩོམ་པ་པོ།   གུ་རུ་མཚོ། དུས་ཚོད།   2017-12-05རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

        གླེང་གཞི།

        བོད་ཀྱི་ཁ་དཔེ་ལ་གངས་དཀར་སེམས་ན་རྟ་མེད་ན༎ ཕུ་རུང་ནང་ལ་སྲབ་མི་འཛིན་ཞེས་པ་ལྟར། སློབ་ཁྲིད་བྱེད་མཁན་སུ་ཞིག་ཡིན་རུང་ཐོག་མར་རང་གི་རྒྱུད་ན་ཉན་པ་པོ་ལས་ལྷག་པའི་ཤེས་བྱ་ཕུན་སུམ་ཚོགས་པ་ཡོད་དགོས། དེ་བས་དགེ་རྒན་ཞིག་ཡིན་ན་ཁྲིད་གྲབས་ངེས་པར་འབྲི་དགོས།

        གཅིག ཁྲིད་གྲབས་འབྲི་བ་སློབ་ཁྲིད་གསར་བ་ཞིག་གི་སྔོན་འགྲོ་དང་སྔོན་སྦྱོང་ཡིན།

        ཇི་སྐད་དུ་སྐམ་པོ་རྡོས་རྡུངས། རློན་པ་གྲིས་མི་ཆོད། ཅེས་པར་བསམ་གཞིག་རེ་བྱས་ན་གང་ལ་གང་འཚམ་དང་དེ་ལ་དེ་འཚམ་དང་དེ་ལ་དེ་བསྟུན་བྱེད་པ་ཆོས་ཉིད་ཅིག་ཀྱང་ཡིན། ཡིན་ནའང་ཁ་སང་དེ་རིང་གི་གང་ཟག་མང་པོ་ལ་བརྩོན་སེམས་ཀྱི་འདུན་པ་དྲགས་པོ་མེད་པར་ཉི་མ་འཁྱོལ་ཐུབ་བྱས་ནས་ལེ་ལོ་དང་སྒྱིད་ལུག་ལ་གཡེང་སྟེ་ཁྲིད་གྲབས་མི་འབྲི་བ་གང་མང་འདུག རང་གི་ལྟ་ཚུལ་ཡིན་ན་སློབ་ཚན་གསར་བ་ཁྲིད་དུས་ངེས་པར་དུ་ཁྲིད་གྲབས་བྲིས་དགོས་སྙམ། ཅིའི་ཕྱིར་ཞེ་ན།   ཁྲིད་བྱའི་ནང་དོན་གསར་བའི་ནང་ན་ཀློག་མི་ཤེས་པ་དང་འགྲེལ་མི་ཤེས་པ། དྲིས་ལན་མི་དཔོག་པའམ་དོན་ཚན་དབྱེ་དཀའ་བ་སོགས་མང་པོར་འཕྲད་ངེས་ཡིན།  “བླུན་པོའི་ནོར་ན་སོར་གང་། མཁས་པའི་ནོར་ན་འདོམས་གང་།” ཞེས་པ་ལྟར། གཞན་གྱི་མདུན་ནས་ངོ་ཚ་སྟོན་པ་དང་རང་གི་རིན་ཐང་ཤོར་སྲིད་པས། དགེ་རྒན་ཞིག་ཡིན་ན་སློབ་ཁྲིད་གསར་བ་མ་ཁྲིད་སྔོན་ལ་ཁྲིད་བྱའི་ནང་དོན་གྱི་དམིགས་ཡུལ། གཙོ་གནད་དང་དཀའ་གནད་དེ་མིན་རང་ལ་དེའི་ཕྱོགས་ཀྱི་ཤེས་བྱ་མང་པོ་མཁོ་འདོན་བྱེད་རྒྱུ་ཡོད་མེད་སོགས་སྔོན་ནས་ཐག་གཅོད་བྱེད་དགོས།  དེ་མིན་ན་རང་ཉིད་ལ་ཡིད་ཆེས་མེད་པ་དང་གདང་ཚོད་མེད་པར་བག་འཁུམས་ནས་འདུག ད་དུང་སློབ་མར་ཤེས་སྟོབས་ཀྱི་ནུས་པ་སྔོག་འདོན་བྱེད་མི་ཐུབ་པ་དང་བསམ་གཞིག་གི་ནུས་པ་སྐྱེད་སྲིང་སོགས་བྱེད་དཀའ། དེས་ན་འདི་ལྟ་བུ་སྔོན་འགོག་དང་མེད་པར་བཟོ་དགོས་ན་ཐོག་མར་དགེ་རྒན་རང་ཉིད་ཀྱིས་ངེས་པར་དཀའ་སྡུག་ལ་མི་འཛེམ་པར་ཁྲིད་གྲབས་གསལ་བོ་ཞིག་བྲིས་ན་གོང་གསལ་གྱི་གནད་དོན་མི་འབྱུང་བར་མ་ཟད། ད་དུང་དགེ་སློབ་ཕན་ཚུན་ལ་བློ་སྒོ་འབྱེད་པ་དང་ཕན་ཚུན་ཁ་གསབ་པའི་ནུས་པ་ཆེན་པོ་ཐོན་ཐུབ།      

         གཉིས་པ། ཁྲིད་གྲབས་ནི་སློབ་མར་ལམ་སྟོན་གྱི་ཕྱོགས་སྟོན་འཁོར་ལོ་ཡིན།

        སྤྱིར་སློབ་མ་ནི་བགྲོད་པ་པོ་དང་དགེ་རྒན་ནི་ལམ་སྟོན་པ་ལྟ་བུ་ཡིན། དེང་རབས་སློབ་གསོའི་ཁ་ཕྱོགས་དང་བསླབ་གཞི་གསར་བའི་བཅོས་སྒྱུར་གྱི་དམིགས་ཡུལ་ཡང་ཡིན། དེ་ན་དགེ་རྒན་ཞིག་ལ་མཚོན་ན་མདུན་ལམ་འོད་སྟོང་ལྡན་པ་ཞིག་ཏུ་སློབ་མ་ཇི་ལྟར་འདྲེན་པར་བསམ་བློ་གཏོང་དགོས་སྙམ། རང་ཅག་ལ་ཀུན་དུ་མཁྱེན་པ་ལྟ་བུའི་ལྷན་སྐྱེས་ནུས་པ་མེད་པ་དང་བྱེད་ཐབས་སྣ་མང་ལྡན་པའི་གློག་ཀླད་ལྟ་བུའི་ནུས་པ་མ་མཆིས་པས། སློབ་མ་རྦད་ཀྱིས་དཀའ་གནད་ལས་འདྲེན་པར་དཀའ་ལས་ཁག་པོ་འདུག མདོར་བསྡུས་ནས་བཤད་ན་སློབ་ཁྲིད་མ་བྱས་སྔོན་གྱི་ཁྲིད་གྲབས་བྲིས་པ་ཆ་ཚང་དང་སྣ་འཛོམས་མ་ཡིན་པའི་རྐྱེན་གྱིས་བྱུང་བ་ཡིན།  དཔེར་ན། རྐང་དྲུག་ཞེས་པའི་ཐ་སྙད་ཀྱི་ནང་དོན་སློབ་མར་འདྲི་དུས།  བསླབ་པའི་བག་ཆགས་མེད་པ་ཞིག་གིས་མི་ཤེས།   དེ་དུས་བུ་རྐང་དྲུག་གིས་མེ་ཏོག་གི་ཟིལ་མངར་བླངས་ནས་སྦྲང་རྩི་གསོག་ཅེས་ཚིག་གི་ལམ་ནས་སློབ་མར་གསལ་བཤད་བྱེད་དུས་། སྦྲང་མ་ཡིན་པ་གསལ་བོ་ཤེས་ཐུབ་ཡོད།   འདི་ལྟ་བུ་སློབ་ཁྲིད་གྱི་བྱེད་ཐབས་ཤིག་ཡིན་པས།   ཇི་སྐད་དུ་ཆུ་མ་ཐོན་སྔོན་གྱི་རགས་དང་དགྲ་མ་ཐོན་སྔོན་གྱི་མཚོན་ཞེས་པ་ལྟར་སློབ་མ་རྣམས་དཀའ་གནད་ལས་བཀྲོལ་ཐབས་ཀྱི་བྱེད་ཐབས་གང་མང་ཁྲིད་གྲབས་སྟེང་བཀོད་དེ་སྤྱི་འགྲོས་ལ་ཞུགས་པ་ལྟར་བྱས་ནས་ཁྲིད་ན་སློབ་མ་མགོ་ཐོམ་དང་མག་མོག་གི་རྒྱ་རུ་མི་ལྷུང་བར་སྤྲོ་བ་སློབ་ཐུན་དུ་རྒྱས་པ་དང་བསམ་བློ་སློབ་ཐུན་དང་འདྲེས་པ། རྣམ་ཤེས་ཀྱིས་སློབ་ཐུན་ལ་ལབ་གླེང་བྱེད་པ། གསོན་ཤུགས་སློབ་ཐུན་དུ་རྒྱས་པ། ཚེ་སྲོག་སློབ་ཐུན་ནས་འཚར་ལོངས་འབྱུང་བ་དང་སློབ་ཐུན་ལ་ཁྱད་ཆོས་ལྡན་པ་སོགས་ནི་ཁྲིད་གྲབས་ཀྱི་སྒུལ་ཤུགས་དང་སྐུལ་འདེད་ཡིན་པ་སྨྲོས་མ་དགོས།    

        གསུམ་པ། ཁྲིད་གྲབས་ནི་སློབ་ཁྲིད་ཀྱི་སྲོག་ཤིང་དང་དགེ་སློབ་མཉམ་འབྲེལ་བྱེད་སའི་ཟམ་པ་ལྟ་བུ་ཡིན།

        ཇི་སྐད་དུ་ཤེས་བྱ་མཚོན་རུ་བཀོལ་ན་ཕམ་མི་སྲིད་ཅེས་པ་ལྟར།ཤེས་བྱ་ནི་ཀུན་གྱི་མཆོག་ཡིན་པ་གསལ་བཤད་བྱས་ཡོད། དེ་ན་རང་གི་ཚེ་སྲོག་རིན་ཐང་ལ་བརྩི་འཇོག་བྱེད་པའི་དགེ་རྒན་ཞིག་ཡིན་ན་རང་གི་ཆེད་ལས་ཀྱི་ཕུགས་བསམ་མངོན་འགྱུར་དང་རྟོགས་པར་ཤེས་བྱ་གསོག་འཇོག་ལ་བརྩོན་ལེན་བྱས་ཏེ་བྱ་བ་ཆུང་ཆུང་ནས་འགོ་བརྩམས་ཏེ་སློབ་ཁྲིད་རེ་རེར་ཁྲིད་གྲབས་འབྲི་བ་སྦྱོང་བརྡར་ཞིག་ཏུ་བརྩིས་ནས་དེ་ཡི་ཁྲོད་ནས་འཚར་བྱུང་དང་དེ་ཡི་བསམ་གཞིག་གི་ཀློང་ནས་མདུན་སྐྱོད་བྱས་ཏེ་འགག་སྒོ་བརྒལ་ན་སྤྲོ་སྐྱིད་མྱོང་ཐུབ་པར་མ་ཟད། ད་དུང་གཞན་གྱིས་མཐོང་མ་མྱོང་བའི་ཡུལ་ལྗོངས་དང་གཞན་གྱིས་ཐོས་མ་མྱོང་བའི་གཏམ་རྒྱུད་གསལ་བས། ཇི་སྐད་དུ་རྒྱང་བསྐྱོད་མགྲོན་པོ་ཕྱིར་སླེབས་ན་གཏམ་རྒྱུད་གསར་བ་མཆིས་ཞེས་པ་ལྟར། དགེ་སློབ་གཉིས་ཀྱིས་གཏམ་རྒྱུད་གསར་བའི་བསམ་གཞིག་གསར་བ་དང་ཉམས་མྱོང་གསར་བ།  ཤེས་བྱ་གསར་བ།  བརྩེ་དུང་གསར་བ།   ངོས་འཛིན་གསར་བ། ལྟ་ཚུལ་གསར་བ། ཕན་འབྲས་གསར་བ་བཅས་ཁྲིད་གྲབས་བརྒྱུད་ནས་ལབ་གླེང་བྱེད་དགོས་པས་དེ་ནི་སློབ་ཁྲིད་ཅིག་གི་སྲོག་ཤིང་ཡིན།

        བཟོ་སྐྲུན་པས་གནས་གང་ཞིག་ལ་ཟམ་པ་འཛུགས་དགོས་ན་ས་དེ་རུ་རྒྱུས་ལོན་བྱས་ཏེ་དམངས་ལ་ཕན་ཞིང་འོས་འཚམ་པར་སྐྲུན་བཞིན་ཡོད་པ་ལྟར། ཁྲིད་གྲབས་ཀྱང་སློབ་མ་རྒྱུས་ལོན་བྱས་ཏེ་གང་ལ་གང་འཚམ་དེ་ལ་དེ་བསྟུན་ཞིག་མ་བྲིས་ན་ར་མགོ་ལུག་སྦྱར་གྱི་དཔེ་རུ་འགྲོ།  ད་རུང་སྔོན་གྱི་སྐྱ་མི་དང་ཤིང་རྟ་འགྲོ་སའི་ཟམ་ཐོག་ནས་ད་ལྟའི་རླངས་འཁོར་འགྲོ་དཀའ་བ་ལྟར།   དགེ་རྒན་གྱིས་རང་གི་སྔོན་ལ་བྲིས་ཟིན་གྱི་ཁྲིད་གྲབས་བཀོལ་ནས་སློབ་མ་གསར་བར་སློབ་ཁྲིད་གསར་བ་བྱེད་པ་ནི་གྲུ་ལ་རྟགས་བརྒྱབ་ནས་གྲི་འཚོལ་བ་ལྟ་བུ་ཞེས་པའི་མི་ཡི་ཆ་ལུགས་དང་གཉིས་སུ་མེད།   ཇི་སྐད་དུ་ན་ནིང་རི་བོང་ཉལ་སའི་གནས་སུ་ད་ལོ་རི་བོང་ཉལ་མེད་ཅེས་པ་ལྟར་འགྱུར་ལྡོག་ནི་ཆོས་ཉིད་ཅིག་ཡིན་པས་བདག་ཅག་གི་ཁྲིད་གྲབས་ལ་འགྱུར་བ་མེད་ན་འོས་འཚམ་མིན།   དེ་བས་ཁྲིད་གྲབས་ནི་སློབ་མར་ཤེས་བྱ་མཁོ་འདོན་བྱེད་ས་དང་སློབ་མའི་ཐོབ་འབྲས་བསྡུ་ལེན་བྱེད་སའི་ཟམ་པ་ལྟ་བུ་ཡིན།། 

རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།