སློབ་དང་ཁྲིད་ལ་རགས་ཙམ་དཔྱད་པ།

རྩོམ་པ་པོ།   དུས་ཚོད།   2017-12-05རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

    གཅིག སློབ་མ་ལ“བྱ་བ་སྒྲུབ་ཤེས་པའི་དགེ་རྒན་ཉམས་མྱོང་ཅན”མི་མཁོ།

        དགེ་རྒན་ཉམས་མྱོང་ཅན་འདི་དག་གིས་དུས་ལྟར་སློབ་གྲྭས་ཁག་བཀལ་བའི་འགན་ཁུར་ཡོངས་སུ་འགྲུབ་པ་དང་། གོང་འགོ་ཁྲིད་དང་འོག་སློབ་མ་གང་གིས་བལྟས་ཀྱང་ལས་གནས་སུ་མངོན་གསལ་གྱི་ཆད་སྐྱོན་ཞིག་འཚོལ་དཀའ་འོ།།

        སྤྱིར་ན་ང་ཚོ་དགེ་རྒན་རྣམས་ཀྱིས་བསྒྲུབས་པ་དང་སྒྲུབ་བཞིན་པ་ཡོད་ཚད་སློབ་མའི་ཆེད་ཡིན་འོས་ཏེ། སློབ་གསོ་ཆེན་མོ་བ་ཏུའུ་ཝེས་ད་ལྟ་ང་ཚོའི་སློབ་གསོ་ལ་འགྱུར་ལྡོག་འབྱུང་བཞིན་པ་ནི་ལྟེ་བའི་གནས་སྤོ་བ་དེ་ཡིན།  འདི་ནི་བཅོས་བསྒྱུར་ཞིག་དང་གསར་བུ་བརྗེ་ཞིག་ཡིན།  དེ་ནི་གུ་པའེ་ཉིའུ་ས་གནམ་གཟུགས་ཀྱི་ལྟེ་བ་སའི་གོ་ལ་མ་ཡིན་པར་ཉི་མ་ཡིན་པར་བརྗོད་པའི་གསར་བརྗེ་དེ་ལྟ་བུ་ཡིན་ཞེས་བརྗོད་ཡོད། དེ་ལྟར་ན་སློབ་མ་ཉི་མ་ལྟ་བུ་ཞིག་ཏུ་གྱུར་བས་སློབ་གསོའི་བྱ་བྱེད་ཡོད་ཚད་ཀྱིས་ལྟེ་བ་དེ་བསྐོར་ནས་འཁོར་དགོས་ལ། བྱིས་པ་ལྟེ་བར་བཟུང་ནས་སློབ་གསོའི་བྱ་བ་ཡོད་ཚད་རྩ་འཛུགས་བྱེད་དགོས། དུས་རྒྱུན་ང་ཚོས་ཀྱང་ཡོད་ཚད་སློབ་མའི་ཆེད་དང་སློབ་མའི་ཆེད་དུ་ཡོད་ཚད་སྒྲུབ་ཅེས་འབོད་ཚིག་སྒྲོག་བཞིན་ཡོད། ཡིན་ཡང་དགེ་རྒན་ཉམས་མྱོང་ཅན་འདི་དག་གིས་སྒྲུབ་པ་ནི་སློབ་མའི་ཆེད་མ་ཡིན་པར་དེ་ལས་ལྡོག་སྟེ། དེའི་དམིགས་ཡུལ་དང་ཞབས་འདེགས་ཞུ་ཡུལ་ངོ་མ་དགེ་རྒན་རང་ཉིད་ཀྱི་ཐོག་ལ་བབས་ཡོད་པ་དང་རང་ཉིད་ལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་གྱུར་ཡོད།  དུས་རྒྱུན་འབྲི་བཞིན་པའི་ཁྲིད་ཇུས་མང་ཆེ་བ་གཞན་ལས་བཤུས་པ་ཡིན་ཞིང་། འབྲི་དོན་ཡང་སློབ་གྲྭས་ཞིབ་བཤེར་བྱེད་པ་ལ་ངོ་ལན་སྤྲོད་པ་ཙམ་ལས་སློབ་མའི་ཆེད་མིན། དེ་མ་ཟད་ཁྲིད་ཇུས་དེ་ཉར་ཚགས་བཟང་བོ་བྱས་ནས་ཐེངས་རྗེས་མའི་ཞིབ་བཤེར་ལ་གོ་ཆོད་དུ་འཇུག་པ་ཡིན། ལས་བྱ་འབྲི་སྐབས་ངེས་པར་དུ་ངེས་གཏན་གྱི་ལས་བྱ་འབྲི་དེབ་ཐོག་ཏུ་འབྲི་དགོས་པ་དང་། སློབ་གྲྭས་ཞིབ་བཤེར་བྱེད་པ་ལ་གདོང་ལེན་བྱེད་པའི་གྲ་སྒྲིག་ཁྲིགས་སེ་བཏང་ཡོད། སློབ་གྲྭས་ཀྱང་དེ་ལས་གཞན་གྱི་ལས་བྱ་སྟེ་ཤོག་ངོས་ན་མེད་པའི་ལས་བྱ་ལ་ཞིབ་བཤེར་མི་བྱེད། དེ་མ་ཟད་ལས་བྱའི་གྲངས་ཀྱང་སློབ་གྲྭའི་གཏན་ལ་ཕབ་པའི་གྲངས་ལ་ལོན་དགོས། གལ་ཏེ་གྲངས་ལ་ལོན་ཡོད་ཚེ་སློབ་གྲྭས་བསྟོད་པའི་མཐེ་བོང་སྒྲེང་ངེས་ཡིན་ཞིང་། འགན་ཁུར་གྲུབ་ཚེ་ལས་བྱ་ལྷག་མ་འཇོག་པའི་དགོས་པ་མེད་པ་དང་། བཞག་ཀྱང་སློབ་གྲྭས་བསྟོད་པའི་མཐེ་བོང་ཡང་སྒྲེང་མི་སྲིད། དགེ་རྒན་ཉམས་མྱོང་ཅན་གྱིས་དེ་གསལ་བོར་རྟོགས་པས་དགོས་མེད་ཀྱི་དཀའ་ལས་རྒྱག་མི་སྲིད། གཞན་ཁྲིད་འཚོགས་དུས་སུ་ཐོག་མར་མི་རྩིས་ལེན་པ་ནི་གོམ་པ་དང་པོ་ཡིན།  གལ་ཏེ་ཁྲིད་དུ་སློབ་མ་ཕྱི་རོལ་དུ་སོང་ནས་དོན་རྐྱེན་བཟོས་ཚེ་འགན་ཁུར་ལྕི་མོ་ཞིག་རང་ཉིད་ཀྱི་ཐོག་ཏུ་ལྷུང་བ་མ་ཟད་མགོ་བའི་ཐོག་ཏུ་ཡང་ལྷུང་སྲིད་པ་དང་། སློབ་གྲྭས་དོན་རྐྱེན་འདི་དགེ་རྒན་རང་གི་སློབ་ཁྲིད་ཀྱི་ཆག་སྒོ་ཞིག་ལ་བརྩི་སྲིད་པས་གཟབ་ནན་ཏན་ཏིག་བྱེད།  ཁྲིད་དུ་གཉིད་ལོག་པའི་སློབ་མ་དང་ཤོབ་གཏམ་པའི་སློབ་མ་དག་ལ་དོ་བདག་ནན་མོ་བྱེད་དགོས།  དེ་ལྟར་མ་བྱས་ན་འཛིན་གྲྭ་དེའི་སློབ་མས་སློབ་མའི་ཚོགས་འདུའི་ཐོག་ཏུ་ཡར་སློབ་གྲྭར་ཞུ་བའམ་ཡང་ན་སློབ་གྲྭས་བརྟག་དཔྱད་བྱེད་པ་སོགས་ཐབས་ལམ་གང་རུང་བརྒྱུད་ནས་སློབ་གྲྭའི་མགོ་ཁྲིད་གང་ཞིག་གིས་ཐོས་ཚོར་འབྱུང་སྲིད་པས་དོགས་ཟོན་ནན་མོ་བྱེད།

        གཉིས། སློབ་མ“སྣོད”དུ་འཛིན་པའི་དགེ་རྒན་ཉམས་མྱོང་ཅན།

        དུས་རྒྱུན་དགེ་རྒན་མང་པོ་ཞིག་གིས་སློབ་མ་སྣོད་ཅིག་ཏུ་ངོས་འཛིན་བྱེད། སློབ་ཁྲིད་ལ་མི་ཉན་པ་དང་རྒྱུགས་འབྲས་མི་བཟང་བའི་སློབ་མ་རྣམས“སྣོད་ཞབས་རྡོལ་དང་།  སྣོད་ཁ་སྦུབས”ལ་ངོས་འཛིན་བྱེད་པ་དང་། ཐ་ན“སྣོད་དྲི་མ་ཅན”ལ་ངོས་འཛིན་པ་ཡང་ཡོད། སློབ་མ“བཟང་བོ”རྣམས་ནི“སྣོད་ཞབས་རྡོལ་དང་། སྣོད་ཁ་སྦུབས།  སྣོད་དྲི་མ་ཅན”མ་ཡིན་པའི་སྣོད་བཟང་བོ་ཞིག་ལ་ངོས་འཛིན་བྱེད། ད་དུང་། དགེ་རྒན་ལ་ལས་སློབ་མ་ས་ཞིང་དང་དགེ་རྒན་ཡུར་ཆུ་ལ་ངོས་འཛིན་པར་དགའ། གལ་ཏེ་ཞིང་ནང་དུ་ཆུ་མི་འདྲེན་པའམ་ཆར་མ་བབས་ཚེ་ས་ཞིང་སྐམ་འགྲོ་བ་བཞིན། དགེ་རྒན་དང་སློབ་མ་གཉིས་ལས་ཀྱང་དགེ་རྒན་གཙོ་བོ་ཡིན་ཏེ། སློབ་མའི་རྒྱུད་ལ་རིག་པའི་ཤེས་བྱ་བཟང་བོ་ཞིག་འབྱོར་དགོས་ན་གཙོ་བོ་དགེ་རྒན་ལ་རག་ལས་པ་དང་དགེ་རྒན་གྱིས“སྦྱིན་གཏོང”བྱས་པ་ཇི་ལྟར་མང་ན་དེ་ལྟར་བཟང་སྙམ་བཞིན་ཡོད། སློབ་ཁྲིད་བྱེད་དུས“བཤད་པ”གཙོ་བོར་འཛིན་པ་དང་སློབ་མའི་འགན་ཁུརགཙོ་བོ་ནི“འཇགས་ཉན”བྱེད་རྒྱུ་དང་ཟིན་བྲིས་འགོད་རྒྱུ་དེ་ཡིན་པ་དང་། སློབ་ཐུན་གྱི་དུས་ཚོད་མང་ཆེ་བ་དགེ་རྒན་གྱིས་བཟུང་བས་སློབ་མས་ཤེས་བྱ་རང་རྒྱུད་དུ་ལེན་པའི་དུས་ཚོད་ཧ་ཅང་ཉག་ཕྲ།

        གོང་སྨོས་ལས་སློབ་མ་ནི་བསམ་བློ་གཏོང་ཤེས་པ་དང་ཚོར་བ་ཡོད་པ། ལྟ་ཚུལ་ཡོད་པ། རང་དབང་ལ་དགའ་བ། དགའ་ཕྱོགས་ཡོད་པ། སློབ་མ་རེ་རེ་ནི་མི་རེ་རེ་ཡིན་པ་དང་།  ཚེ་སྲོག་ལྡན་ཞིང་འགུལ་སྐྱོད་བྱེད་བཞིན་པའི་ཁེར་ཚུགས་ཀྱི་མི་རེ་རེ་ཡིན་པ་སྣང་མེད་དུ་བཏང་བ་མཐོང་ཐུབ། སློབ་ཁང་ནང་དུ་འཚོག་ཡོད་པའི་སློབ་མའི་ཚོགས“ལྡོག་ལྡོག་གཅིག”ལ་བལྟ་བ་ལས“ཁེར་ཚུགས”ཀྱི་མི་བུ་མང་པོས་གྲུབ་པ་ཚོར་གྱིན་མེད། སློབ་མ་ནི“གཞན་དབང་ཅན”དང“སྡུད་ལེན་མཁན།” “སྣོད”ཅིག་ཡིན་པ་དང་། སློབ་ཁྲིད་ཀྱི“ལྟེ་བ”ལ་སློབ་མ་མི་འཛིན་པར་དེ་ལས་ལྡོག་སྟེ་དགེ་རྒན་བཟུང་བ་རྟོགས་ཐུབ།

        ང་ཚོའི་སློབ་གསོའི་ཁ་གཏད་ཡུལ་ནི་སྣོད་ཤི་བོ་ཞིག་ཡེ་ནས་མ་ཡིན་པར་དེ་ལས་ལྡོག་སྟེ་རྩེད་ མོ་རྩེ་བར་དགའ་ཞིང་དགོད་ལ་མོས་པའི་དགའ་སྡུག་ཆགས་ཞེན་ཅན་གྱི་ན་ཆུང་གཞོན་ནུའི་ཚོགས་ཡིན་པ་དང་དེ་དག་ནི་ཉིན་རེ་རེར་འཚར་ལོངས་འབྱུང་བཞིན་ཡོད་ལ་ལོ་རེ་རེར་མཐར་ཕྱིན་ནས་འགྲོ་བཞིན་ཡོད། དེ་བས་སློབ་གསོ་ཡང“འགུལ་མེད་ཞི་འཇགས”ཤིག་མ་ཡིན་པར་དེ་ལས་ལྡོག་སྟེ་འགྱུར་བའི་རང་བཞིན་ཅན་ཞིག་ཡིན། ང་ཚོའི་འགྲམ་དུ་ཡོང་བཞིན་པ་དང་ཁ་གྱེས་ནས་འགྲོ་བཞིན་པ་ཡོད་ཚད་ནི་དུས་མི་འདྲ་བའི་བྱིས་པ་དག་ཡིན་ཕྱིན་དེ་དག་ལ་གཅིག་མཐུན་གྱི་དགའ་ཕྱོགས་དང་གཅིག་མཐུན་གྱི་བསམ་ཚུལ། གཅིག་མཐུན་གྱི“སྤྲོ་བ”ཞིག་གཏན་ནས་ཡོད་མི་སྲིད། དེ་བས། ང་ཚོས་ཁྲིད་ཐབས་སྣ་གཅིག་གིས་ཡོད་ཚད་མཇུག་མི་རྫོགས་པར་ཉི་མ་རེ་རེའི་སློབ་ཐུན་རེ་རེའི་ཁྲིད་ཐབས་ནི་འགྱུར་བའི་རང་བཞིན་ཅན་ཞིག་ཡིན་དགོས་པ་མ་ཟད་ཁྱོད་ཀྱིས་སྒྲུབ་བཞིན་པ་ཡོད་ཚད་སློབ་མ“ལྟེ་བ”རུ་བཟུང་ནས་འཁོར་སྐྱོད་བྱེད་པའི་ཕྱོགས་ལ་བརྩོན་པར་རིགས། ང་ཚོས་སློབ་མ་ལ་རང་ཉིད་ཀྱིས་སློབ་སྦྱོང་བྱེད་པའི་རང་དབང་སྟེར་དགོས་པ་དང་རང་ཉིད་ཀྱིས་དངོས་སུ“ཉམས་སུ་མྱོང་བའི”དུས་ཚོད་སྟེར་དགོས་ལ།  དགེ་རྒན་ལས་ཐོན་པའི“ཚོད་འཛིན”དང“གེགས་རྒྱ།” “དབང་གྲགས”ཉུང་དུ་བཏང་ནས་བྱིས་པ་རང་རང་གི“སྤྲོ་བ”ལྟར་རིག་པའི་གནས་ལ་ཞུགས་ན་ནི་སློབ་གསོའི་རྩ་དོན་དང་མཐུན་སྙམ།

        གསུམ། ང་ཚོས་མི་སྐྱོང་དགོས་པ་ལས་མི་བཏུལ་མི་རུང་།

        སྤྱིར་དགེ་རྒན་ཚོས་བྱ་གཞག་རླབས་ཆེན་ཞིག་སྒྲུབ་མི་དགོས་ཏེ། རང་རང་གི་ལས་གནས་ཀྱི་བྱ་བ་ལེགས་པོ་ཞིག་སྒྲུབ་པས་ཆོག་ཏེ། ང་ཚོས་དུས་རྒྱུན་སློབ་མ་རྣམས་ལ་སློབ་གྲྭའི་སྒྲིག་ལམ་ཁོ་ན་བཤད་ནས་འདུག་མི་རུང་ལ་སློབ་མ་སྒྲིག་གི་སྒྲོག་ལ་བཅིངས་ན་དེ་བས་ཀྱང་མི་རུང་། ཡིན་ཡང་། ང་ཚོས་དུས་རྒྱུན་སློབ་མ་རྣམས་ལ་སློབ་གྲྭའི་སྒྲིག་ལམ་གྱིས་སྐྲག་བསྐུར་ནས་སློབ་མའི་འགྲོ་འདུག་ལ་བཀག་རྒྱ་བཟོ་བ་དང། སློབ་ཁྲིད་སྐབས་སུ་ཡང་སློབ་གྲྭའི་སྒྲིག་ལམ་གྱི་འོག་ནས་ཐར་མེད་པས་སློབ་མའི་སེམས་ལ་བཙན་དང་དབང་གིས་བཙན་འཛུལ་བྱས་པས་སློབ་མ་ལ་རང་རང་གི་བསམ་བློ་དང་འདུ་ཤེས་མེད་པ་དང་། རང་གཤིས་མེད་པ་ཞིག་དང་རང་ཚུགས་མེད་པ་ཞིག བསམ་བློ་གཏོང་མི་ཕོད་པ་ཞིག རང་འདོད་ལྟར་བྱ་བ་སྒྲུབ་མི་ཕོད་པ། གཞན་གྱི་ཁ་ལེན་པ་དང་ཚིག་བརྩི་བའི་མི་ཞིག་ཏུ་གསོ་སྐྱོང་བྱས་པས། སློབ་སྦྱོང་བྱེད་སྐབས་ཀྱང་དེ་དང་འདྲ་བར་རང་གི་ལྟ་ཚུལ་མེད་པ། བསམ་གཞིགས་མི་གཏོང་བ། སྤྲོ་སྣང་མེད་པ། འཛུམ་མདངས་མེད་པ། དགོད་སྒྲ་མེད་པ། ཁ་གྲགས་པར་མི་དགའ་བ། ཀུ་རེ་བཤད་པར་མི་དགའ་བ། ལན་རྒྱག་མི་ཕོད་པ། ཕུགས་བསམ་མི་གསལ་བ། དྲི་བ་འདྲི་བར་མི་དགའ་བ། དོགས་པ་འཕེན་མི་ཕོད་པ། བགྲོ་གླེང་བྱེད་པར་མི་དགའ་བ། སྐད་མགོ་དམའ་བ་ཞིག་ཏུ་གྱུར་ཡོད་པས་ང་ཚོའི་སློབ་ཁྲིད་ལ་འབྲས་བུ་བཟང་བོ་ཞིག་འཐོབ་མི་སྲིད་ལ་མ་འོངས་པའི་མི་རབས་རྗེས་མ་ཡང་དེ་བཞིན་གཉོམ་ཆུང་དང་བག་འཁུམ་གྱི་མི་རིགས་ཤིག་ཡིན་སྲིད། ང་ཚོས་ཕྱིར་འདང་རེ་བརྒྱབ་ན་འདི་དག་ཡོད་ཚད་སློབ་གྲྭའི་ལམ་ལུགས་དང་སློབ་གསོའི་བྱེད་ཐབས་ལ་འབྲེལ་བ་གལ་ཆེན་ལྡན་པ་མ་ཟད་དགེ་རྒན་ལ་ཡང་འབྲེལ་བ་ཆེན་པོ་ཡོད། ང་ཚོ་ལ་སློབ་གྲྭའི་སྒྲིག་ལམ་བསྒྱུར་བའི་དབང་ཆ་མེད་ན་ང་ཚོ་རང་ཉིད་ཀྱི་མི་འདང་ས་བསྒྱུར་ཆོག་ཏེ། དགེ་རྒན་རང་སྟེང་གི་བསམ་བློ་མི་འདང་བ། ཆེད་ལས་ཆུ་ཚད་མི་འདང་བ། རིག་གནས་ཆུ་ཚད་མི་འདང་བ། སྙིང་སྟོབས་མི་འདང་བ།      བྱམས་བརྩེ་མི་འདང་བ། ཀུན་སྤྱོད་མི་ལེགས་པ། བྱང་ཚད་དམའ་བ། རང་ཚུགས་མེད་པ། ཟེར་རྗེས་འབྲང་བ་སོགས་བསྒྱུར་ནས་མི་ཚད་ལྡན་ཞིག་ཏུ་གྱུར་ཚེ་ད་གཟོད་སློབ་མ་བསྐྱངས་ན་འབྲས་བུ་བཟང་བོ་ཞིག་འཐོབ་སྲིད། ང་ཚོས་སློབ་མ་རྣམས་ཀྱི་རང་སྒེར་གྱི་བསམ་ཚུལ་དཀོན་པོ་དང་། ལྷན་སྐྱེས་ཀྱི་ཤེས་རབ་རྣོན་པོ། སྐྲ་རྩེ་ན་འཕུར་བའི་རྣམ་རིག་གསོན་པོ། ཤུགས་དྲག་པའི་རེ་འདུན། ཁྱད་པར་ཅན་གྱི་སྤྲོ་བ། དོགས་སློང་གི་སྙིང་སྟོབས་སོགས་ལ་གཉའ་གནོན་དང་གེགས་བར་ཆད་སོགས་གཏན་ནས་གཏོང་མི་རུང་སྟེ། ང་ཚོའི་འོས་འགན་ནི་མི་འཇོན་ཐང་ལྡན་པ་ཞིག་གསོ་སྐྱོང་བྱེད་པ་ལས་མི་རེ་བ་ཅན་ཞིག་བཏུལ་ནས་སྡར་མ་ཞིག་ཏུ་བསྒྱུར་རྒྱུ་དེ་ཡེ་ནས་མ་ཡིན་ནོ།། 

རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།