སློབ་ཆུང་བོད་སྐད་ཡིག་གི་དགེ་རྒན་གཙོར་བཟུང་ནས་ཅུང་ཙམ་གླེང་བ།

རྩོམ་པ་པོ།   དུས་ཚོད།   2017-12-05   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

        གླེང་གཞི།

        དེ་ཡང་སློབ་གསོའི་བྱ་གཞག་འདི་ལ་ཆེ་ས་ནས་རྒྱལ་ཁབ་དང་མི་རིགས་སོ་སོ།  ཆུང་ས་ནས་ཁྱིམ་ཚང་དང་མི་བུ་སོ་སོས་གདེང་འཇོག་ཚད་མཐོན་པོ་བྱས་ཏེ་སློབ་སྦྱོང་ཕུན་སུམ་ཚོགས་པ་ཞིག་བྱེད་བཞིན་ཡོད་ལ།  དེར་བརྟེན་གོང་རིམ་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཀུན་ལ་སློབ་སྦྱོང་བྱེད་སའི་ཁོར་ཡུག་དང་མཐུན་རྐྱེན་འཛོམས་པོ་མཁོ་ཆས་སོགས་ས་གནས་དང་མཐུན་པར་སྔར་ལས་འཕེལ་རྒྱས་དང་སྒྲིག་འཛུགས་བྱེད་བཞིན་ཡོད་པ་ང་ཚོའི་མིག་མཐོང་ལག་ཟིན་ཡིན་པ་དེ་རེད།            དེའི་ཕྱིར་སློབ་ཆུང་ལ་མཚོན་ན་སློབ་གསོའི་བྱ་གཞག་སྤེལ་ཡུལ་གྱི་ཁྱབ་ཁོངས་གཙོ་བོ་ཞིག་ཏུ་གྱུར་ཡོད་པའི་ཆ་ནས་སློབ་ཆུང་གི་དགེ་རྒན་རྣམ་པ་ལ་ངེས་པར་ཚང་དགོས་པའི་ཆ་རྐྱེན་དང་འདོར་དགོས་པའི་སྐྱོན་ཆ་གཉིས་རང་ཉིད་ཀྱིས་ལོ་ཁ་ཤས་རིང་ལ་སློབ་གསོའི་སྟེགས་བུ་ལས་ཐོབ་པའི་ཉམས་མྱོང་དང་གོ་རྟོགས་ལ་སྦྱར་ནས་བཤད་པ་ཙམ་ཡིན་པ་ལས་རང་ཉིད་ཀྱི་ཡོན་ཚད་དམན་པས།   གཞན་ལ་ཁ་ཚོན་གཅོད་པ་དང་ཚད་བཀག་བྱས་ན་མི་ལེགས་ཀྱང་དགོས་དབང་གིས་འདིར་ཅུང་ཙམ་བཀོད་པའོ།།

        དང་བོ།  སློབ་ཆུང་སློབ་མའི་སྣེ་ཁྲིད་པ་ལ་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་ལ།

        (གཅིག)   རྩ་བའི་རྨང་གཞི་ལེགས་པོ་ལྡན་དགོས་པ།

        འདིར་རྩ་བའི་རྨང་གཞི་ཞེས་པ་ནི་སུམ་རྟགས་དག་གསུམ་ཡིན་ཞིང་དེའི་ཁར་སྙན་ངག་གི་སྐོར་བཅས་ལ་བཤད་པ་ཡིན།

        (༡)སློབ་ཆུང་གི་སློབ་མའི་སྣེ་ཁྲིད་པ་ཞིག་ཡིན་ནའང་སུམ་ཅུ་བ་སྟེ་རྣམ་དབྱེ་བརྒྱད་འཕྲོས་དང་བཅས་པ་དང་ཚིག་ཕྲད་གཞན་སོགས་ལ་བྱང་ཆ་ངེས་ཅན་ཞིག་མེད་ཚེ་སློབ་ཚན་ལས་བྱུང་བའི་རྣམ་དབྱེ་ཚིག་ཕྲད་དག་གིས་སོ་སོར་ཕྱེ་བའི་ཁྱད་ཆོས་རྣམས་ཇི་བཞིན་སློབ་མ་ཚོར་ངོ་མི་འཕྲོད་པས་ཧ་ཅང་ཡིད་སྐྱོ་བའི་གནས་སུ་འདུག   ད་དུང་རྟགས་འཇུག་ལ་བྱང་ཆ་མེད་ཚེ་རང་ཉིད་ཀྱིས་འགྲེལ་ཐུང་ངུ་ཙམ་ཞིག་རྒྱག་དགོས་ཀྱང་མཐའ་སྦྱར་འོག་མའི་མིང་དོན་ལ་བལྟས་ནས་གོང་མཐར་རྣམ་དབྱེ་ཚིག་ཕྲད་གང་ཞིག་སྦྱོར་དགོས་པའི་ཚུལ་མི་ཤེས་པར་མ་ཟད།  སློབ་ཚན་ལས་བྱུང་བའི་བྱ་ཚིག་དག་གིས་བསྟན་པའི་དུས་གསུམ་གྱི་ཁྱད་པར་ཙམ་ཡང་མི་ཤེས་པས་སློབ་མ་ཚོར་སྣེ་ཁྲིད་ཇི་ལྟར་བྱ་དགོས་པ་རེད།  ཨ་ལ་ཤ་ངག་དབང་བསྟན་དར་གྱིས།  རྩོམ་ཚིག་སུམ་རྟགས་ཇི་བཞིན་མ་བྱུང་ན།། མཁས་པ་ཤིན་ཏུ་ཁྲེལ་བས་བག་ཡོད་བྱ།། ཞེས་ཀྱང་གསུངས་ཡོད་པ་ལྟར་དངོས་གནས་བོད་སྐད་ཡིག་ཁྲིད་མཁན་ཞིག་ཡིན་ན་སུམ་རྟགས་གཉིས་ཀྱི་འགྲོ་སྟངས་ལ་སྦྱང་བ་བྱ་རྒྱུ་དང་དོ་སྣང་བྱ་རྒྱུ་གལ་ཆེན་པོ་རེད།

        (༢)དག་ཡིག་ཚད་ལོན་པ་ཞིག་ཤེས་དགོས་པ།  རྒྱུ་མཚན་ནི།  ཤེས་བྱ་ལ་འཇུག་པའི་སྒོ་ནི་དག་ཡིག་ཡིན་པས་སློབ་དཔོན་ཐོན་མིས་བརྡ་སྤྲོད་གསུང་སྐབས་རྣམ་དབྱེ་དང་བོ་མིང་ཙམ་བརྗོད་པ་སྔོན་དུ་བཞག་ནས་ཐོག་མར་བརྡ་དག་ལ་སྦྱང་དགོས་པའི་ཚུལ་བསྟན་ཡོད་ལ།  དེ་ལྟར་ལས་དང་བོ་བའི་སློབ་མ་རྣམས་ལ་ཐ་སྙད་མཁོ་ཆེ་བས།  དགེ་རྒན་ལ་བརྡ་དག་གི་རྨང་གཞི་ལེགས་པོ་ཞིག་མེད་ཚེ་ཐ་སྙད་འཁྲིད་སྐབས་གོ་ལོག་ཏུ་འགྲེལ་བ་དང་སློབ་མ་དག་གིས་ཚིག་གྲོགས་སྦྱར་བ་རྣམས་ཚད་ལྡན་ཞིག་བཅོས་མི་ཐུབ་པས་འགན་མི་ཐེག་པའི་གནད་དོན་འབའ་ཞིག་འབྱུང་ངེས་རེད།

        (༣)སྙན་ངག་སྐོར་ལ་བྱང་ཆ་དགོས་པ།  རྗེ་ཙོང་ཁ་བས།  རིགས་ལམ་རྣམ་པར་ཕྱེད་པའི་རྣམ་དཔྱོད་དང་།། གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་།། ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ།། ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་།། ཞེས་དང་།  སྙན་ངག་མཁན་དགེ་དབང་གིས། མཚུངས་མེད་རྒྱས་པའི་སྙན་ངག་མེད་ན་མཁས་པ་ཉིད་ནི་ནེ་ཙོའི་ཀློག་དང་མཚུངས་ཞེས་དང་།  ཨ་ལ་ཤ་ངག་དབང་བསྟན་དར་གྱིས།  ཡི་གེ་དག་ཀྱང་སྙན་ངག་མི་ལྡན་ན།། བུད་མེད་མཛེས་པ་སྒྲེན་མོར་རྒྱུ་བ་བཞིན།། ཞེས་སྙན་ངག་ནི་མེད་དུ་མི་རུང་བ་ཡིན་ཚུལ་གསུངས་ཡོད་པས།  དགེ་རྒན་ལ་སྙན་ངག་གི་རྨང་གཞི་མེད་ན།  སྙན་ངག་གི་ངོ་བོ་དང་དགོས་པ་མི་ཤེས་པས་སྙན་ངག་ཚན་པ་རེ་འཁྲིད་དགོས་དུས་རྒྱན་སོ་སོ་ངོ་བོ་ཐ་དད་པ་ཞིག་གི་ཐོག་ནས་སློབ་མ་ཚོར་གསལ་བཤད་བྱ་ཐུབ་རྒྱུ་ཕར་ཞོག  ཐ་ན་སློབ་མ་ཚོའི་བློ་ཁ་སྙན་ངག་གི་འགྲོ་སྟངས་དང་ཁ་ཕྱོགས་ཙམ་ལའང་འདྲེན་མི་ཐུབ་པའི་སྐྱོ་གར་ཞིག་འབྱུང་ངེས་པ་ནི་དགེ་རྒན་གྱི་རྩ་བའི་རྨང་གཞིའི་ར་སྤྲོད་བྱེད་པར་གྲུབ་ཡོད།

        དེ་ལྟར་རྨང་གཞིའི་ཤེས་བྱ་ལ་བྱང་ཆ་མེད་ན་སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་ནས་ཡ་ང་བའི་གནད་དོན་ཤ་སྟག་འབྱུང་བས་ལམ་སྟོན་པ་ཞིག་ལ་མཚོན་ན་རྩ་བའི་རྨང་གཞི་ལ་གསལ་ཆ་དང་ངེས་ཆ་ལྡན་དགོས་པ་རེད་སྙམ་མོ།།

        (གཉིས) ལྷག་བསམ་རྣམ་དག་ཡིན་དགོས་པ།

        སློབ་མའི་སྣེ་ཁྲིད་པ་ཞིག་ཡིན་ཕྱིར་ལྷག་བསམ་རྣམ་དག་ཅན་ཞིག་མིན་ཚེ་རང་གི་ཟླ་ཕོགས་ཙམ་ལ་དམིགས་ནས་ཉི་མ་འགྲོ་ཐབས་དང་ཐང་མ་བསྐམ་ཐབས་བྱས་ཏེ་ཉི་མ་བཏང་ན་དགེ་རྒན་དེ་ཉིད་རྩ་བའི་རྨང་གཞི་བཟང་སྟེ་ཡོན་ཏན་ཀུན་རྫོགས་ཤིག་ཡིན་ཡང་སློབ་མ་རྣམས་ལ་ཕན་ཐོགས་རྒྱུ་མ་རེད།  དགེ་རྒན་རྣམ་པས་ལྷག་བསམ་རྣམ་དག་གིས་སྐལ་ལྡན་གྱི་སློབ་བུ་རྣམས་རྗེས་སུ་བཟུང་ན་རང་ཉིད་ཀྱི་ཡོན་ཏན་ཡོད་ཚད་སློབ་བུ་དག་གི་རྒྱུད་ལ་འཇོག་ཐུབ་པ་རེད་མ་གཏོགས།  མགོ་ཁྲིད་རྣམ་པའི་སྔུན་ནས་འདུར་བ་དང་།  རང་གི་ངོ་སོ་ཙམ་གྱི་ཆེད་དུ་སློབ་མ་རྣམས་ལ་མངོན་ལྐོག་གཉིས་ཀྱི་བྱ་བ་སྒྲུབ་ན་སློབ་མ་ཚོའི་སེམས་ཁོང་ན་དེ་ནི་དགེ་རྒན་གྱི་གཟུགས་བཪྙན་འཛིན་པ་ཙམ་ལས་དད་པ་དང་བརྩེ་དུང་ཡོད་མི་སྲིད་ལ།  དེའི་རིགས་ཀྱི་དགེ་རྒན་ཚོ་ནི་སློབ་མའི་མདུན་ལམ་བརླག་མཁན་རེད་ཅེས་ཁ་ཚོན་བཅད་ཆོག་པ་རེད་སྙམ།

        དེ་ལྟར་ལམ་སྟོན་བྱེད་མཁན་གྱི་དགེ་རྒན་ཞིག་ཡིན་ཕྱིར་ལྷག་བསམ་རྣམ་དག་གིས་སློབ་མ་ཚོར་སྣེ་ཁྲིད་བྱས་ན་ལས་འབྲས་མི་བསླུ་བ་ཡིན་པ་སྔོན་བྱོན་མཁས་པས་གསུངས་ཡོད་ལ་རྩ་བའི་ཆོས་ཉིད་ཀྱིས་ཀྱང་བདེན་དཔང་བྱེད་ངེས་པས་དགེ་རྒན་ཞིག་ལ་མཚོན་ན་སློབ་མའི་བྱ་བ་བསྒྲུབ་པར་ལྷག་བསམ་རྣམ་དག་ཡིན་དགོས་པར་སྣང་།

        (གསུམ)  བརྩོན་འགྲུས་ཆེ་དགོས་པ།

        སྤྱིར་མི་སུ་ཡིན་རུང་དེ་ལ་བརྩོན་འགྲུས་ཆེ་ན་བཟང་ཆ་མི་ཉུང་བ་ཞིག་ཡོད་པ་ཀུན་གྱིས་ཤེས་གསལ་ལྟར་ཡིན་ལ། ལྷག་པར་སློབ་ཆུང་སློབ་མའི་སྣེ་ཁྲིད་པ་ཞིག་ལ་མཚོན་ན་བརྩོན་འགྲུས་ཆེ་དགོས་པ་རེད།  རྒྱུ་མཚན་ནི་སློབ་མ་ལོ་ན་ཆུང་བའི་རྐྱེན་གྱིས་སློབ་སྦྱོང་བྱེད་དགོས་པའི་དམིགས་ཡུལ་མི་ཤེས་པ་མ་ཟད་ལས་ལ་བརྩོན་སྙེག་མེད་པ་དང་།  རྩེད་འཇོ་ལ་དགའ་ཞིང་དུས་ཚོད་དམ་འཛིན་བྱེད་མི་ཤེས་པ་བཅས་ཀྱི་ངང་ཚུལ་དུ་གནས་ཡོད་པས།  དེ་ལས་ལྡོག་སྟེ་སློབ་སྦྱོང་ལ་རེམ་མཁན་ཞིག་དང་བསམ་ཤེས་ཤིག་ཏུ་བསྒྱུར་ཐུབ་མིན་ནི་དགེ་རྒན་གྱིས་སློབ་གསོ་བཏང་བ་དང་རྗེས་འདེད་བྱས་པ་ལ་རག་ལས་ཡོད་པས་བརྩོན་འགྲུས་ཆེ་དགོས་སྙམ།  གུང་ཐང་བསྟན་པའི་སྒྲོན་མེ་མཆོག་གིས། ཉིན་རེ་ཟས་ཀྱང་མི་དྲན་བརྩོན་འགྲུས་རྩོམ།། ཞུགས་མ་ཐག་ནས་མཁས་པའི་གོ་འཕང་འདོད།། ཞག་གསུམ་ལོན་ཚེ་རྗེས་མེད་གཡེང་བས་ཁྱེར།། དེ་འདྲ་དེ་ལ་ཅི་ཡང་མི་ཡོང་བས།། བརྩོན་པ་ཆུ་བོའི་རྒྱུན་བཞིན་སྟེན་ཅིག་ཨང་།། ཞེས་གསུངས་ཡོད་པ་ལྟར་དུ་དགེ་རྒན་གྱིས་སློབ་མ་ཚོར་སློབ་སྦྱོང་ལ་སྡུག་རུས་བྱ་དགོས་པའི་སློབ་གསོ་ནན་ཏན་དུ་གཏོང་གིན་ཡོད་རུང་།  རང་ཉིད་སློབ་གསོ་གཏོང་ས་ལྟ་བུར་གྱུར་ཡོད་ཚེ་ཅི་ནས་ཀྱང་ནུས་པ་ཐོན་ཐུབ་རྒྱུ་མ་རེད།

        དགེ་རྒན་རང་ཉིད་ཚེགས་ཡང་ཞིང་སློབ་སྦྱོང་ལ་དགའ་བའི་སྒོ་ནས་བྱ་བའི་རྒྱུན་བསྲིང་ཐུབ་མཁན་ཞིག་ཡིན་ཚེ་སློབ་མ་རྣམས་ཀྱི་རྒྱུད་ལ་བག་ཆགས་བཟང་བོ་ཞིག་འཇོག་ཐུབ་པ་དང་།  དེ་ལྟ་བུའི་དགེ་རྒན་གྱིས་སློབ་མའི་མདུན་ལམ་གསོ་སྐྱོང་བྱ་ཐུབ་གཤིས།  སློབ་ཆུང་སློབ་མའི་སྣེ་ཁྲིད་པའམ་དགེ་རྒན་ལ་ངེས་པར་དུ་བརྩོན་འགྲུས་ཆེ་དགོས་པ་རེད་དོ།།

        གཉིས་པ།  སློབ་ཆུང་སློབ་མའི་སྣེ་ཁྲིད་པས་ངེས་པར་དུ་འདོར་དགོས་པའི་སྐྱོན་ཆ་ལ།

        (གཅིག)  ཆང་དང་ཐ་མ་ཁ་འདོར་དགོས་པ།

        དེང་སང་སྤྱི་ཚོགས་ཡར་རྒྱས་སུ་སོང་བ་དང་ཆབས་ཅིག་ཆང་དང་ཐ་མ་ཁའང་རིགས་སྣ་ཚོགས་ཤིག་དར་ཏེ་ཇེ་མོད་དུ་སོང་ཡོད་པ་རེད།  དེའི་རྒྱུ་མཚན་གྱིས་དགེ་རྒན་ཚོའི་གྲས་ན་ཆང་དང་ཐ་མ་ཁ་བག་མེད་དུ་སྤྱོད་མཁན་མང་བོ་སྣང་།  སློབ་གྲྭ་ཞིག་ལ་མཚོན་ན་དགེ་རྒན་ཆང་འཐུང་མཁན་ཚོས་དགེ་རྒན་ཡོངས་ཀྱི་བརྒྱ་ཆ30ཟིན་ཡོད་དུས།  སློབ་གྲྭ་དེའི་སློབ་སྦྱོང་གི་འགན་བརྒྱ་ཆ30ཁོ་ཚོས་ཁུར་ཡོད་ངེས་རེད།  དེ་ལྟར་ཡིན་ན་སློབ་མ་བརྒྱ་ཆ30སློབ་སྦྱོང་ལ་འཐུས་ཤོར་ཡོང་བ་དང་རྗེས་ལུས་ཐེབས་སྲིད་ངེས་རེད།

        ཐ་མ་ཁ་བག་མེད་དུ་འཐེན་པ་ལས་རང་གི་ཕུང་བོར་བློ་ནད་རིགས་མང་བོ་ཞིག་ཡུན་གྱིས་འབྱུང་གིན་ཡོད་པ་ད་ལྟ་བཪྙན་འཕྲིན་དང་དྲ་ཚིགས་སོགས་སུ་བཪྙན་རིས་ཀྱི་ལམ་ནས་ངོ་སྤྲོད་བྱེད་བཞིན་ཡོད་པ་ཚང་མས་ཤེས་གསལ་ལྟར་ཡིན་ལ།  གུང་ཐང་བསྟན་པའི་སྒྲོན་མེས་གསུངས་པའི་ཐ་མ་ཁའི་ཉེས་དམིགས་ལའང་ཁྱེད་རྣམ་པས་གཟིགས་ཡོད་ངེས་རེད།  ད་དུང་ཚན་རིག་པས་ན་ཆུང་བྱིས་པ་རྣམས་ཀྱི་ཉེ་འགྲམ་ནས་དུ་བ་འཐེན་ན་དེ་ཚོའི་རྣམ་རིག་ལ་གནོད་ཀྱིན་ཡོད་པ་རེད་ཅེས་བཤད་པ་ཡང་བསམ་བྱུང་གིས་སྨྲས་པ་མ་ཡིན་པར་བརྟག་དཔྱད་ཞིབ་འཇུག་བྱས་པའི་མཇུག་འབྲས་བསྒྲགས་པའི་སྐད་ཆ་རེད་སྙམ།

        ཐ་མ་ཁ་འཐེན་ན་ཉེས་དམིགས་བཏང་སྙོམ་ལ་བཞག་ཀྱང་ད་དུང་རང་ལ་གནོད་པ་མ་ཟད་གཞན་ལའང་སྡུག་པས་དགེ་རྒན་བསམ་ཤེས་པ་ཞིག་ཡིན་ན་ངེས་པར་ཐ་མ་ཁ་དོར་ན་འགྲིག་གོ།།

        (གཉིས)  ཤོ་དང་མཱ་ཅང་གིས་རྒྱལ་སྐུག་མི་རུང་བ།

        དེང་སང་དགེ་རྒན་མང་ཆེ་བ་ཞིག་གིས་དུས་རབས་དང་སྤྱི་ཚོགས་ཀྱི་འགྲོ་སྟངས་ལ་ཁ་གཡར་ཏེ་ཤོ་དང་མཱ་ཅང་གིས་རྒྱལ་སྐུག་རྒྱུ་ནི་འཚོ་བའི་ཁྲོད་དུ་མེད་དུ་མི་རུང་བའི་བྱ་བ་ཞིག་ལ་རྩི་བཞིན་ཡོད།  དེ་ལྟར་འཚོ་བའི་ཁྲོད་ནས་བག་མེད་དུ་རྒྱལ་སྐུག་ན་མི་འགྲིག་པ་རེད།  རྒྱུ་མཚན་ནི་རྒྱལ་སྐུག་རྒྱུ་མང་དྲགས་ན་བསམ་བློ་ཡོད་ཚད་རྒྱལ་གྱིས་དྲངས་ནས་སློབ་ཁྲིད་ལ་དང་དོད་མི་བྱེད་པ་རེད།

        མདོར་ན།  རྒྱལ་སྐུག་པ་ལས་ཁེ་བཟང་ཐོབ་པ་ནི་ཉིན་སྐར་ཙམ་ཡིན་པས་སློབ་མ་དང་རང་ཉིད་ལ་ཤ་ཚ་འདོད་ན་རྒྱལ་སྐུག་མི་རུང་བ་རེད།

        (གསུམ)   ཁོང་ཁྲོ་བསྐྱུང་དགོས་པ།

        ཤེས་རིག་གི་གར་སྟེགས་ལ་འགྱིང་བའི་ཤེས་ལྡན་མི་སྣ་ཞིག་ཡིན་ཕྱིར་བློ་སྣ་ཐུང་ཞིང་ཁོང་ཁྲོ་ལངས་སྐྱེན་པའི་མི་ཞིག་ཡིན་ན་ག་ལ་འགྲིག་རྒྱུ་མཚན་ནི་ཁོང་ཁྲོ་ལངས་རྒྱུ་མང་དྲགས་ན་སྤྱིའི་མཐུན་སྒྲིལ་ལ་གནོད་ལ་སློབ་མའི་སེམས་ཁམས་བདེ་ཐང་ལའང་གནོད་པ་དང་།  བྱང་ཆུབ་ལམ་རིམ་དུ་དགེ་རྒན་གྱི་མཚན་ཉིད་གསུང་དུས་བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ།། ཞེས་ཀྱང་གསུངས་ཡོད་པས་ངང་རྒྱུད་རིང་ཞིང་གཤིས་རྒྱུད་འཇམ་རྒྱུ་གལ་ཆེན་པོ་རེད།  ས་སྐྱ་ལེགས་བཤད་དུ།  སྟོབས་བྲལ་མི་ཡིས་ཁྲོས་ཅི་ཕན།། སྟོབས་ལྡན་དོན་ལ་ཁྲོ་ཅི་དགོས།། དེས་ན་བྱ་བ་སྒྲུབ་པ་ལ།། ཁྲོ་བ་དོན་མེད་རང་སྲེག་ཡིན།། ཞེས་གསུང་བ་བཞིན་སྟོབས་བྲལ་ཏེ་ནུས་པ་ཅིའང་མེད་པའི་མིས་བྱ་བ་གང་ཞིག་སྒྲུབ་ཀྱང་ཁོང་ཁྲོ་ལངས་པས་རང་གི་བྱ་བ་འགྲུབ་པར་ཕན་མི་ཐོགས་ལ། སྟོབས་ལྡན་ཏེ་ནུས་པ་ཡོད་པའི་མིས་བྱ་བ་སྒྲུབ་པར་ཁོང་ཁྲོ་ལངས་དགོས་དོན་མེད་པས་ན།  ཁོང་ཁྲོ་ནི་རང་གི་སེམས་སྲེག་བྱེད་དང་ངན་མཚང་ཕྱི་ལ་སྟོན་བྱེད་ཙམ་ལས་མིན་པས།  རང་གི་ཁོང་ཁྲོ་རང་གིས་བསྐྱུང་ཅི་ཐུབ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་དོ།།         མཇུག་ཏུ།

        ཅོལ་ཆུང་བདག་ལ་རྣམ་དཔྱོད་མི་ལྡན་པས།།

        རིག་གནས་ཤེས་བྱས་ནམ་ཡང་དབུལ་ཞིང་ཕོངས།།

        དེ་ཕྱིར་འདིར་བརྗོད་ཚིག་གི་མདའ་མོ་དག།

        ཀུན་སློང་གཙང་མའི་བློ་ཡིས་བསྙད་པ་ལས།།

        མི་ཤེས་ཤེས་མདོག་བྱེད་ལ་དགའ་བ་དང་།།

        གཞན་པར་ལམ་སྟོན་བྱས་པའི་ཚུལ་མིན་པར།།

        གསར་སྐྱེས་གཞོན་ནུ་དག་ལ་ཕན་འདོད་ལགས།།

        ཡིན་ཡང་དོན་དང་མ་འབྲེལ་ལོག་བཤད་ཀུན།།

        མཁྱེན་དཔྱོད་ཡངས་པའི་སྤྱན་སྔར་བཤགས་པ་དང་།།

        དགོངས་འཆར་དག་པའི་བསམ་ཚུལ་འདོན་པར་ཞུ།།  

རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།