ཐང་ཀའི་གྲུབ་མཐའ་གསུམ།

རྩོམ་པ་པོ།   དུས་ཚོད།   2017-12-05   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

ཐང་ཀ་ནི་བོད་དུ་དར་ཁྱབ་ཆེ་བའི་རི་མོའི་འབྲི་སྲོལ་གཙོ་བོ་སྟེ།ཐང་ཀའི་འབྲི་ལུགས་ལ་སྨན་ཐང་དང་། མཁྱེན་བརྩེ། སྒར་བྲིས་བཅས་སྐད་གྲགས་ཆེ་ཤོས་གསུམ་ཡོད།

སྨན་ཐང་ལུགས་སུ་བཞེངས་པའི་དུས་འཁོར། 

       དང་བོ། སྨན་ཐང་ལུགས།

       དེ་ནི་ཉེ་རབས་བོད་དུ་ཤུགས་རྐྱེན་ཆེ་ཤོས་ཀྱི་འབྲི་ལུགས་ཤིག་ཡིན་ཞིང་། མིང་གཞན་ལ་སྨན་བྲིས་ལུགས་ཀྱང་ཟེར། ལྷ་ས་ཁུལ་གྱིས་ལྟེ་བར་བྱས་པའི་དབུས་གཙང་ཁུལ་དུ་དར་ཁྱབ་ཆེ། སྨན་ཐང་ཟེར་དོན་ནི་ལུགས་འདིའི་ཤིང་རྟའི་སྲོལ་འབྱེད་མཁན་སྨན་བླ་དོན་གྲུབ་རྒྱ་མཚོ་ནི་ལྷོ་བྲག་སྨན་ཐང་དུ་སྐུ་འཁྲུངས་བས་དེ་ལྟར་ཐོགས། སྨན་བླ་དོན་གྲུབ་རྒྱ་མཚོ་ནི་དུས་རབས་བཅོ་ལྔའི་པའི་ལོ་རབས་ཉི་ཤུ་སུམ་ཅུའི་ཡས་མས་སུ་སྐུ་འཁྲུངས་ཤིང་། ཁོང་ནི་རི་མོའི་འབྲི་རྩལ་ལ་ཤིན་ཏུ་བྱང་ཆུབ་པ་མ་ཟད་རིགས་པའི་གཞུང་ལུགས་ཐད་ལའང་ཉམས་ལེན་ཐོགས་མེད་མཛད་དེ་སྨན་ཐང་ཆེན་མོ༼སྨན་རྙིང་ལུགས༽གསར་གཏོད་གནང་ཡོད། ཁོང་གིས་བརྩམས་གནང་བའི་༼ཆ་ཚད་ཡིག་བཞིན་ནོར་བུ༽ཞེས་པའི་བོད་ཀྱི་གཟུགས་བཟོའི་གཞུང་ལུགས་ནང་རི་མོ་དང་ལྷ་སྐུ་བཞེངས་པའི་ཆ་ཚད་ཞིབ་པར་གསལ་འགྲེལ་གནང་ཁར་དཔེ་ཆ་ཁ་ཤས་ནང་ཆ་ཚད་ལ་ནོར་འཁྲུལ་ཤོར་བའི་དབང་གིས་ཤུགས་རྐྱེན་ངན་པ་བཟོས་ཚུལ་བཏོན་གནང་ཡོད་ལ་བོད་རིས་ཀྱི་ལག་ལེན་བསྟར་ཐབས་གསུངས་ཡོད། མིང་རྒྱལ་རབས་ཐའེ་ཁྲང་སྲིད་ལོ་དང་པོ་ནས་ཆིང་རྒྱལ་རབས་ཀྱི་ཁང་ཤིས་ཁྲི་ལོ་བཞི་པའི༼1620ལོ་ནས1665ལོ་བར༽སྐད་གྲགས་ཆེ་བའི་ལྷ་འབྲི་ཆེན་མོ་གཙང་པ་ཆོས་དབྱིངས་རྒྱ་མཚོས་སྨན་ཐང་ལུགས་ཀྱི་སྙིང་བཅུད་བསྡུ་ལེན་དང་རྒྱ་ནག་གི་འབྲི་རྩལ་ཁག་གཅིག་ལེགས་བཏུས་གནང་སྟེ་སྨན་གསར་ཞེས་ཡོངས་སུ་གྲགས་པའི་བྲིས་རྒྱུན་དེ་སྲོལ་བཏོད་ཡོད། སྨན་ཐང་ལུགས་དེར་རྒྱ་གར་དང་བལ་ལུགས་བྲིས་རྒྱུན་གྱི་ཁྱད་ཆོས་ཟབ་མོ་ལྡན་པའི་མཁྱེན་བརྩེ་ལུགས་དང་རྒྱ་ནག་བྲིས་རྒྱུན་གྱི་ཤན་ཞུགས་ཆེ་བའི་སྒར་བྲིས་ལུགས་གཉིས་དང་བསྡུར་ན་རང་མི་རིགས་ཀྱི་ཉམས་འགྱུར་དེ་བས་མངོན་གསལ་དོད་པོ་ལྡན།ཐིག་རྩ་ལེན་སྐབས་གཙོ་ལྷ་རྣམས་ཅུང་ཆུང་བས་འཁོར་རྣམས་དང་ཕན་ཚུན་འཚམ་ལ་ཚད་དང་ལྡན་ཞིང་ཚགས་དང་ཉམས་འགྱུར་བཟང་བ་དང་ཡུལ་བཀོད་ནི་དབུས་གཙང་ཁུལ་གྱི་མཛེས་ལྗོངས་ལྟེ་བར་བྱས་པ། རི་རྩེར་སྨུག་སྤྲིན་འཐུལ་བ། མཐོང་སྒྲིབ་རིག་པ་སྤྱད་དེ་རྩྭ་རྩི་ཤིང་དང་། ཁང་པ། དགོན་སྡེ་སོགས་ཚོམ་བུར་མ་བཀོད་པར་བཀྲམ་པ་ལྟར་བཀོད་པ། ཚོན་མདངས་སྤེལ་སྟངས་ཐད་སྔོ་ལྗང་གཙོ་བོར་དང་ཞོར་ནས་དམར་མདོག་ཡང་སྤྱོད་ཀྱི་ཡོད་པས་ཚོན་མདངས་འགྱུར་བ་མང་བ་དང་གསོན་ཉམས་དོད་ལ་བཀྲ་ལྷམ་མེར་ཡོད། དེས་མ་ཚད་གསེར་མདོག་ཤས་ཆེ་བ་གཏོང་གི་ཡོད་པ་དང་གསེར་རིས་རྒྱག་སྟངས་སོགས་སྤྱད་པས་སྣུམ་མདངས་ཆེ་ལ་འོད་ཐིང་ངེར་ཡོད། སྲོལ་རྒྱུན་གྱི་འབྲི་སྟངས་དང་བསྡུར་ན་སྨན་ཐང་ལུགས་ཀྱིས་ཐིག་རྩའི་ནུས་པར་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་ཐིག་ལེན་ཤུགས་ཚད་མངོན་གསལ་དོད་ཁར་གྲལ་བསྟར་འགྲིག་ལ་ཞིབ་ཚགས་པོ་ཡོད། ད་ཆ་ཕོ་བྲང་པོ་ཏ་ལ་དང་།ནོར་བུ་གྲིང་ཁ།གདན་ས་གསུམ་དུ་ཉར་ཚགས་བྱས་པའི་ལྡེབས་རིས་དང་ཐང་ཁ་མང་ཆེ་བ་སྨན་ཐང་ལུགས་ཀྱི་ལྷ་འབྲི་ཆེ་མོ་བའི་ཕྱག་སོར་ལས་འཁྲུངས་པ་ཡིན།

མཁྱེན་བརྩེའི་ལུགས་སུ་བཞེངས་པའི་མགོན་པོ།

        གཉིས་པ། མཁྱེན་བརྩེ་ལུགས།

        མཁྱེན་བརྩེ་ལུགས་ཀྱི་ཤིང་རྟའི་སྲོལ་འབྱེད་མཁན་ནི་གོང་དཀར་སྒང་སྟོད་མཁྱེན་བརྩེ་ཆེན་མོ་ཡིན་པས་མིང་དུ་དེ་ལྟར་ཐོགས། ལུགས་འདི་ནི་དུས་རབས་བཅོ་ལྔའི་དུས་དཀྱིལ་རྗེས་གཙང་དང་ལྷོ་ཁ་ཁུལ་དུ་དར་ཁྱབ་ཆེ་ཞིང་། དེའི་སྒྱུ་རྩལ་ཉམས་འགྱུར་ནི་དུས་རབས་བཅུ་བཞི་པར་གཙང་ཁུལ་དུ་དར་སྲོལ་ཆེ་བའི་བྲིས་རྒྱུན་གྱི་ལེགས་ཆ་ཉམས་ལེན་མཛད་པའི་རྨང་གཞིའི་ཐོག་གསར་གཏོད་གནང་བ་ཞིག་ཡིན། སྨན་མཁྱེན་ལུགས་གཉིས་སྲོལ་བཏོད་གནང་བ་ལས་དུས་རབས་བཅུ་བཞི་དང་བཅོ་ལྔའི་དུས་དཀྱིལ་དུ་དབུས་གཙང་ཁུལ་དུ་དར་ཁྱབ་ཆེ་བའི་རྒྱ་གར་དང་བལ་ཡུལ་གྱི་བྲིས་རྒྱུན་ཁོ་ནར་བརྟེན་མི་དགོས་པར་དུས་རབས་བར་མའི་རྗེས་ཀྱི་རང་ལུགས་ཀྱི་རི་མོའི་བྲིས་རྒྱུན་ཆགས་པ་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེན་པོ་ཕུལ་གནང་ཡོད་པས་བཟོ་རིག་ཁྲོད་ལུགས་དེ་གཉིས་ལ་སྨན་མཁྱེན་ལུགས་གཉིས་ཞེས་བརྗོད་ཀྱི་ཡོད། མཁྱེན་བརྩེ་ལུགས་ཀྱིས་བྲིས་རྒྱུན་ཐད་རྒྱ་གར་དང་བལ་ཡུལ་གྱི་སྲོལ་རྒྱུན་བྲིས་རྒྱུན་ནང་གི་གཙོ་ལྷ་ཅུང་ཆེ་བའི་ཁྱད་ཆོས་རྒྱུན་འཛིན་བྱས་ཏེ་གཙོ་གནད་མངོན་གསལ་དོད་པོ་དང་འཁོར་རྣམས་གྲལ་འགྲིག་པོའི་ངང་འབྲི་ཡི་ཡོད། ཡིན་ནའང་རྒྱབ་ལྗོངས་བཀོད་འབྲི་བྱེད་སྐབས་རྒྱ་ནག་གི་བྲིས་རྒྱུན་དང་མཉམ་འདྲེས་བྱུང་བ་དང་རིམ་གྱིས་བོད་མི་རིགས་རང་གི་བྲིས་ཆ་མ་ལག་དང་ལྡན་པ་ཞིག་གྲུབ་ཡོད། ལྷོ་ཁ་རྡོ་རྗེ་གདན་དགོན་གྱི་ལྡེབས་རིས་ནི་མཁྱེན་བརྩེ་ཆེན་མོའི་ཕྱག་སོར་ལས་འཁྲུངས་པར་གྲགས། སྨན་མཁྱེན་ལུགས་གཉིས་ལས་གཅིག་ཞི་བའི་རིགས་འབྲི་བར་མཁས་པ་དང་གཅིག་དྲག་པོའི་རིགས་འབྲི་བར་མཁས་ཤོད་སྲོལ་ཡོད། སྐུ་བརྙན་འབྲི་སྐབས་སྨན་མཁྱེན་ལུགས་གཉིས་ལས་སྨན་ལུགས་ནི་ཞི་བའི་རིགས་ལ་མཁས་པ་དང་མཁྱེན་ལུགས་ནི་དྲག་པོའི་རིགས་ལ་མཁས། མཁྱེན་ལུགས་ཀྱིས་བྲིས་པའི་ཁྲོ་སྐུའི་རིགས་ནི་དྲག་ཤུལ་དང་ལྡན་པ་དང་ཤ་ཉམས་རྒྱས་ཤིང་ཚུགས་ཆེ་བ། ཉམས་འགྱུར་བདེ་ཆ་ལྡན་ལ་སྟངས་སྟབས་ལེགས་པ། འཇམ་རྩུབ་མཉམ་བསྲེས་ཡིན་པ། འགྱིང་རྔམ་ཤིན་ཏུ་ཆེ་བ།ཚོན་མདངས་སྤམ་པ། ཚོས་གཞི་སྤེལ་མཁས་པ། ཚོས་གཞི་སྤེལ་སྐབས་ཞིབ་ཚགས་པ། རྒྱན་སྤྲོས་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། དེས་མ་ཚད་མཁྱེན་ལུགས་དེ་དཀྱིལ་འཁོར་བཞེངས་པར་ཤིན་ཏུ་མཁས།

སྒར་བྲིས་ལུགས་སུ་བཞེངས་པའི་རྗེ་བཙུན་མི་ལ་རས་པ། 

        གསུམ་པ། སྒར་བྲིས་ལུགས།

        མིང་གཞན་ལ་ཀརྨ་སྒར་བྲིས་ཀྱང་བརྗོད།དུས་རབས་བཅུ་དྲུག་པའི་དུས་མཇུག་ཏུ་བྱུང་བ་དང་དུས་རབས་བཅུ་བདུན་པའི་རྗེས་དར་རྒྱས་འགྲོ་འགོ་ཚུགས་ཤིང་། ཆབ་མདོས་ལྟེ་བར་བྱས་པའི་ཁམས་སུ་དར་ཁྱབ་ཆེ། སྒར་བྲིས་ལུགས་ཀྱི་བྲིས་རྒྱུན་གྱི་འབྱུང་ཁུངས་ཅུང་རྙོག་འཛིང་ཆེ་ཞིང་། ནམ་མཁའ་བཀྲ་ཤིས་ཀྱིས་སྨན་ལུགས་ཀྱི་ལྷ་འབྲི་ཆེ་མོ་བ་ཨེ་ནས་སྐལ་ལྡན་ཤར་ཕྱོགས་པ་དཀོན་མཆོག་ཕན་བདེ་ནས་སྨན་རིས་ཀྱི་རྒྱུན་བསླབས། རུས་ཚུགས་རྒྱ་གར་ལི་མ་དང་སྨན་ཐང་ལུགས་གཞིར་བཞག་ཡོད། ནམ་མཁའ་བཀྲ་ཤིས་ཇེས་ཆོས་བཀྲ་ཤིས་དང་ཀ་ཤོད་ཀརྨ་བཀྲ་ཤིས་མཁས་པ་ཆེན་པོ་གཉིས་ཀྱིས་སྒར་ལུགས་རྒྱུན་འཛིན་དང་གོང་ནས་གོང་དུ་སྤེལ་ཞིང་།དེ་ཡང་ཆོས་བཀྲ་ཤིས་ཀྱིས་ལྗང་མདོག་ཤས་ཆེར་གཏོང་གནང་གི་ཡོད་པ་དང་ཀ་ཤོད་ཀརྨ་བཀྲ་ཤིས་ནི་རི་མོའི་ལམ་སྲོལ་གསར་གཏོད་ལ་མཚུངས་པ་མེད། ཁོང་གསུམ་ལ་བོད་ཀྱི་བཟོ་རིག་ལོ་རྒྱུས་ཐོག་བཀྲ་ཤིས་རྣམ་གསུམ་ཞེས་འབོད་ཀྱི་ཡོད། ཀརྨ་སྐུ་ཕྲེང་བཅུ་པ་ཆོས་དབྱིངས་རྡོ་རྗེས༼1604ལོ་ནས་1674ལོ་བར༽སྒར་ལུགས་བྲིས་རྒྱུན་དར་རྒྱས་གོང་འཕེལ་ལ་མཛད་རྗེས་བསམ་གྱིས་མ་ཁྱབ་པ་བཞག་གནང་ཡོད། སྒར་བྲིས་ནི་བོད་ཤར་རྒྱུད་དུ་དར་ཁྱབ་ཆེ་ཞིང་། ས་ཁམས་གནས་བབ་རྐྱེན་གྱིས་རྒྱ་ནག་དང་འབྲེལ་འདྲིས་དམ་ཟབ་ཡོད་པས་བྲིས་རྩལ་ཐད་ལའང་མིང་རྒྱལ་རབས་རྗེས་ཀྱི་བྲིས་རྒྱུན་དང་ལྷག་པར་དུ་སི་ཐང་གི་བྲིས་རྒྱུན་གྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།སྐུ་བརྙན་གྱི་བཟོ་དབྱིབས་ཐད་རྒྱ་གར་དང་བལ་ཡུལ་གྱི་བྲིས་རྒྱུན་གྱི་ཁྱད་ཆོས་ཕལ་མོ་ཆེ་སོར་འཇོག་བྱས་པའི་ཐོག་སྨན་ལུགས་ཀྱི་ལེགས་ཆ་བསྡུ་ལེན་བྱས་ཡོད། རབ་བྱུང་དང་གྲུབ་ཆེན་སོགས་ཀྱི་རིགས་འབྲི་སྐབས་རང་འདོད་ཆེ་བ་དང་རང་གི་ཁྱད་ཆོས་མངོན་གསལ་དོད་པ། བཅད་རིས་སྦོམ་ལ་འཁྱུག་པ། ཤེས་ཚད་ལ་སྣང་ཆེན་བྱེད་པ། ལྗང་མདོག་ཤས་ཆེར་གཏོང་བ་བཅས་ཡིན། ཡུལ་བཀོད་མཚོན་སྟངས་ནི་ལུགས་དེའི་སྒྱུ་རྩལ་གྱི་མཚོན་ཚུལ་གཙོ་བོ་ཞིག་ཡིན། ཡུལ་བཀོད་ལ་མངོན་གསུམ་དང་འཁྲུལ་པ་སྐྱེ་ནུས་པ་དང་། མཐོང་སྒྲིག་རིག་པ་ངེས་ཅན་ཞིག་བེད་སྤྱད་ཡོད་པ། རི་དང་། ཆུ། འདབ་ཆགས། རྩྭ་རྩི་ཤིང་འབྲི་བར་མཁས་པ་དང་རྒྱ་ནག་གི་ཡུལ་ལྗོངས་རི་མོར་དཔེ་བལྟས་ཡོད། མངོན་གསུམ་ལ་འཁྲུལ་བ་སྐྱེ་ནུས་པ་དང་ཡིད་འོང་འདྲ་ཆགས་ཁར་ལྷ་སྐུ་དང་། རབ་བྱུང་། སྐྱེས་ཆེན་དམ་པ་སོགས་གསོན་ཉམས་དོད་པས་མཛེས་ཤིང་ཡིད་དུ་འོང་བ་ཞིག་ཡོད་པ་དེ་ནི་སྒར་བྲིས་ལུགས་ཀྱི་ཁྱད་ཆོས་གཙོ་བོ་ཞིག་ཡིན་ལ་དུས་རབས་བཅུ་བདུན་པའི་རྗེས་དབུས་གཙང་ཁུལ་དུ་དར་ཁྱབ་དང་ཤུགས་རྐྱེན་བྱུང་རྐྱེན་ཡང་ཡིན་ནོ།།

རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།