ཁྲིམས་ར་གཞི་རིམ་དུ་བསྐྱལ་ནས་མི་སེར་ལ་ཁེ་ཕན་བཟོས།

རྩོམ་པ་པོ།   དུས་ཚོད།   2017-12-05རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

       གནད་དོན་འདི་བདེ་བླག་ངང་ཐག་བཅད་པ་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན། ད་ལྟ་ཞབས་འདེགས་སྒོ་ཁར་ཞུ་བས་ཕན་འབྲས་ཧ་ཅང་བཟང་ཞེས་པ་ནི་ཉེ་ཆར་འཛམ་ཐང་རྫོང་སི་ལི་ཡུལ་ཚོའི་གྲོང་དམངས་ཀྱིས་བཤད་པ་ཡིན།
     སི་ལི་ཡུལ་ཚོའི་དར་རྐུ་སྟོད་མ་གྲོང་སྡེའི་སྡེ་མི་དགེ་ཆེ་གེ་མོ་དང་རྒོ་བོ་གྲོང་སྡེའི་སྡེ་མི་སྐྱིད་ཆེ་གེ་མོ་གཉིས་དང་དབུ་ཏོ་གྲོང་སྡེའི་སྡེ་མི་མཚོ་ཆེ་གེ་མོ་བར་ལྒང་ལི་རྒྱག་སྐབས་རྩོད་གླེང་བྱུང་བ་དང་། སྐབས་དེར་མི་གཞན་གྱིས་བར་འདུམ་བྱས་ནས་རྡུང་རེས་བརྒྱབ་མེད། འོན་ཀྱང་མཚོ་ཆེ་གེ་མོའི་བློ་ལ་མ་བབས་ནས། ཆང་འཐུང་ནས་དགེ་ཆེ་གེ་མོ་དང་རྡུང་རེས་བྱས། ཉིན་དེའི་དགོང་མོར་རྨས་མ་འཕྲོད་བསྟེན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱས་ཏེ་སྨན་ཡོན་མང་བོ་བྱིན་ཡོད་པས། སྐྱིན་ཚབ་ཀྱི་རྩོད་གླེང་བྱུང་།  གྱོད་གཞི་དེ་ཁྱིམ་ཚང་མང་བོ་དང་འབྲེལ་བ་ཡོད་པ་དང་དུས་ཀྱང་སྟོན་ཁར་ལོ་ཏོག་རྔ་བའི་ཞིང་ལས་བྲེལ་དུས་ཤིག་ཡིན་ཕྱིར། དོན་དེ་མྱུར་དུ་ཐག་བཅད་མ་ཐུབ།  ཡུལ་ཚོ་དང་གྲོང་སྡེའི་ལས་བྱེད་པས་བསམ་བློའི་ལས་ཀ་བསྒྲུབས་ཀྱང་། ཐག་བཅད་མ་ཐུབ་པས་མཐར་ཁྲིམས་གཅོད་ཁང་དུ་ཞུས།
    གྱོང་གཞི་དེ་ཕྱི་རོལ་ཡུལ་དང་མཐུན་པ་དང་གཞུང་དྲང་གིས་ཐག་གཅོད་བྱ་ཆེད། ཁྲིམས་དཔོན་རྣམས་ཀྱིས་རྡུང་རེས་བརྒྱབ་སར་ཕྱིན་ནས་ཉེ་འདབས་ཀྱི་གྲོང་དམངས་ལ་གྱོད་གཞིའི་གནས་ཚུལ་དང་རྡུང་རེས་བརྒྱབ་པའི་ཕྱོགས་གཉིས་ཀྱི་གནས་ཚུལ་རྒྱུས་ཞིབ་མོར་བླངས་ནས། གྱོད་གཞི་ཐག་གཅོད་པའི་རྨང་གཞི་བཏིང་།
 ཟླ་8པའི་ཚེས་4ཉིན་གྱི་དགོང་མོར། རྫོང་གི་སྐོར་སྐྱོད་ཁྲིམས་རས་ཡུལ་ཚོའི་སྲིད་གཞུང་གི་ཁྲིམས་རར་ཐེངས་དེའི་རྡུང་རེས་བརྒྱབ་པའི་སྐྱིན་ཚབ་སྤྲོད་ལེན་བྱེད་པའི་གྱོད་གཞི་ཐག་གཅོད་བྱེད་འགོ་ཚུགས། རྡུང་རེས་བརྒྱབ་པའི་ཕྱོགས་གཉིས་ཀྱིས་ལུགས་མཐུན་གྱི་རྒྱུ་མཚན་ཞུས་པ་ལྟར། མཐར་གནོད་འཚེ་ཕོག་མཁན་མཚོ་ཆེ་གེ་ལ་སྐྱིན་ཚབ་སྒོར་13500སྦྱིན་རྒྱུའི་ཁྲིམས་ཐག་བཅད།
     གྲོང་གསར་འཛུགས་སྐྲུན་བྱེད་སྐབས་མི་དམངས་ཁྲིམས་རའི་འགན་ནུས་ལེགས་པོར་སྤེལ་ཆེད། ན་ལོའི་ཟླ་12པ་ནས་བཟུང་། རྫོང་དེས་ཟླ་རེར་ཁྲིམས་དཔོན་དཔུང་སྡེ་གཉིས་རེ་བསྡུས་ཏེ་རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་བཅུ་གཉིས་སུ་ཕྱིན་ནས་ལས་ཡུལ་དངོས་ནས་གཏུག་བཤེར་བདག་སྤྲོད་དང་རྩོད་གླེང་ལ་བར་འདུམ། བློ་འདྲི་དང་ལེན། བཅའ་ཁྲིམས་དྲིལ་སྒྲོག་སོགས་ཀྱི་ལས་ཀ་སྤེལ། ལས་ཡུལ་དངོས་ནས་བདག་སྤྲོད་བྱས་ནས། མི་སེར་ལ་སྟབས་བདེ་བར་མ་ཟད་འགལ་བ་ཡང་བྱུང་མ་ཐག་ཏུ་ཐག་གཅོད་བྱས་པས། འགལ་བ་ཇེ་ཆེར་འགྲོ་བར་སྔོན་འགོག་བྱས།
     ན་མདའ་གྲོང་རྡལ་བྱ་ཡུར་གྲོང་སྡེའི་སྡེ་མི་བཟང་ཆེ་གེ་མོ་དང་ཨ་ཀྱ་གྲོང་སྡེའི་སྡེ་མི་བསོད་ཆེ་གེ་མོ་གཉིས་བར་མ་མཐུན་པས། ལོ་བཅུ་དགུའི་རིང་མཉམ་དུ་བསྡད་པའི་བཟའ་ཚང་ཁ་ཐོར་ལ་ཡོད། ལོ་ལྔ་ལས་མེད་པའི་བུ་མོའི་གསོ་དབང་དང་བུ་ལོན་སྒོར་ཁྲི་དྲུག་འཇལ་འགན་འཁུར་བའི་གནད་དོན་ཡོད་པའི་རྐྱེན་གྱིས་ཁྱོ་ཤུག་ཕྱོགས་གཉིས་ཀྱིས་ཡུན་རིང་དུ་བཟའ་འཐོར་གྱི་ཆིངས་ཡིག་བཀོད་མ་ཐུབ། གྲོས་མོལ་ཐེངས་མང་བྱས་ཀྱང་ཕྱོགས་གཉིས་ཡིད་མ་འཐད་པས། ཁྱོ་ཤུག་གཉིས་ཀྱི་འགལ་བ་དེ་ཁྱིམ་ཚང་གཉིས་ཀྱི་འགལ་བར་གྱུར།
     མཐར་ཁྱོ་ཤུག་གཉིས་ཀྱིས་འགལ་བ་དེ་ཁྲིམས་རར་སྤྲད་ཡོད། སྐོར་སྐྱོད་ཁྲིམས་རས་བཟའ་འཐོར་གྱི་གཏུག་བཤེར་འབྱོར་རྗེས་ན་མདའ་གྲོང་རྡལ་དུ་ཐོན་ནས།  ཁྱོ་ཤུག་ཕྱོགས་གཉིས་ཀྱི་ཡིད་མཐུན་ཐོབ་རྗེས། རྫོང་གི་བར་འདུམ་ལྟེ་གནས་ཀྱི་རེ་འདུན་ལྟར། བཟའ་འཐོར་གྱི་རྩོད་གླེང་གྱོད་གཞི་ཐག་གཅོད་བྱེད་འགོ་ཚུགས། དཔྱད་ཡིག་བསྡུ་ལེན་དང་གཏུག་བཤེར་ལ་ཉན་པ། མཐར་བཀའ་བཅད་གཏོང་བ་སོགས་ཉིན་བཞི་ཙམ་ལས་འགོར་མེད། ང་ཚོས་ཟླ་བ་འགའ་སྤྱད་ནས་ཐག་བཅད་མི་ཐུབ་པ་དེ། ཁོ་ཚོས་ཉིན་བཞིའི་རིང་དུ་ང་ཚོའི་ཕྱོགས་གཉིས་ཀྱི་ཡིད་མཐུན་པའི་མཇུག་འབྲས་བྱིན་པ་དང་། ལས་ཡུལ་དངོས་ནས་བཀའ་བཅད་ཁྲ་མ་བཏང་ཡོད་ཅེས་པ་ནི་བཟང་ཆེ་གེ་མོས་བར་འདུམ་མི་སྣའི་ལས་ཀར་བསྟོད་བསྔགས་བྱས་པ་རེད།
     སྐོར་སྐྱོད་ཁྲིམས་ར་དོན་རྐྱེན་བྱུང་སར་བཙུགས་ནས་ཁྲིམས་ལྟར་བཀའ་བཅད་བཏང་། རྫོང་དེས་མངའ་འོག་ས་ཁོངས་རྒྱ་ཆེ་བས་མང་ཚོགས་ཀྱིས་གཏུག་བཤེར་འགྲོ་བ་སྟབས་མི་བདེ་བའི་གནས་ཚུལ་ལ་དམིགས་ནས། སྐོར་སྐྱོད་ཁྲིམས་ར་བཙུགས་ནས། འདྲི་གཅོད་ལས་སྒོ་མི་སེར་གྱི་ཉེ་འདབས་སུ་བསྐྱལ་བ་དང་ཁྲིམས་དཔོན་མང་ཚོགས་ནང་དུ་ཞུགས་ནས་འགལ་བ་དང་རྩོད་གླེང་བར་འདུམ་བྱས་པའི་དུས་མཚུངས་སུ།  བཅའ་ཁྲིམས་དང་ཁྲིམས་ལུགས་དྲིལ་སྒྲོག་པ་དང་བློ་འདྲི་བ་བྱས་ནས་ཕན་འབྲས་ལེགས་པོ་ཐོབ་པས། གནས་ཡུལ་རོང་འབྲོག་མང་ཚོགས་ཀྱིས་རོགས་སྐྱོར་དང་བསྟོད་བསྔགས་བྱས། མིག་སྔའི་བར་དུ་རྫོང་དེའི་སྐོར་སྐྱོད་ཁྲིམས་རས་སྐོར་སྐྱོད་དུ་གྱོད་གཞི་ཐེངས་21བཅད་པ་དང་ལས་ཡུལ་དངོས་ནས་འགལ་བ་དང་རྩོད་གླེང་13བར་འདུམ་བྱས་ཤིང་། བཅའ་ཁྲིམས་སྐོར་གྱི་བློ་འདྲི་བ་མི་ཐེངས་235དང་ལེན་བྱས་པ་དང་། བོད་རྒྱ་ཡི་གེ་གཉིས་ཀྱི་དྲིལ་སྒྲོག་དཔྱད་ཡིག་1200ལྷག་བཀྲམ་མོ།།

 རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།