གཡུ་ཐོག་སྙིང་ཐིག་གི་ཆེ་བའམ་ཐུན་མིན་ཁྱད་ཆོས་བཅུ་གཉིས།

རྩོམ་པ་པོ།   དུས་ཚོད།   2017-11-15   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

      གཡུ་ཐོག་སྙིང་ཐིག་ནི་དུས་རབས་བཅུ་གཉིས་པའི་ནང་དུ། སྨན་རྒྱལ་གཡུ་ཐོག་ཡོན་ཏན་མགོན་པོ་ལ་མཁའ་འགྲོའི་གཙོ་མོ་དཔལ་ལྡན་ཕྲེང་བས་གསུངས་ཤིང་། གཡུ་ཐོག་པའི་ཐུགས་སྲས་སུམ་སྟོན་ཡེ་ཤེས་གཟུངས་ཀྱིས་རྗེ་གཡུ་ཐོག་པའི་ལྗགས་ཁྲིད་ཟིན་བྲིས་སུ་བཏབ་རྗེས། གཡུ་ཐོག་ཉིད་ཀྱི་ཞུས་དག་གིས་ཆོས་སྐོར་ཆ་ཚང་བ་གྲུབ་པ་ཡིན་ལ། མཚན་རྒྱས་པར་གཡུ་ཐོག་སྙིང་ཐིག་བྱིན་བརླབས་བླ་སྒྲུབ་པའི་ཆོས་སྐོར་སྡུག་བསྔལ་མུན་སེལ་ཐུགས་རྗེའི་ཉི་འོད་ཅེས་གྲགས་པ་དང་། དེང་དུས་ཡོངས་གྲགས་ལ་གཡུ་ཐོག་བླ་སྒྲུབ་གྱི་སྐོར་ནི་རིན་ཆེན་གཏེར་མཛོད་ཀྱི་མ་ཧ་ཡོ་གའི་བདུད་རྩི་ཡོན་ཏན་གྱི་ཆོས་སྐོར་དུ་བཞུགས་པ་དང་། ལྕགས་པོ་རི་གསོ་རིག་འགྲོ་ཕན་གླིང་གི་ཤིང་པར་མ་ལ་ལས་ཚོགས། སྨན་སྒྲུབ་དང་ཉམས་ལེན་བསྐྱེད་རྫོགས་རྫོགས་གསུམ་གྱི་ཆོས་སྐོར་ཆ་ཚང་བ་བཞུགས་པ། སྨན་དགེ་ཆེན་མོ་གོ་འཇོ་དབང་འདུས་ཀྱི་རེ་བ་བཞིན་མཁན་ཆེན་ཁྲོ་རུ་ཚེ་རྣམ་མཆོག་གི་གསུང་གི་གནང་བ་ཐོབ་ནས། སྔགས་མང་ཞིབ་འཇུག་ཁང་གིས་ཐེངས་དང་པོ་ལྕགས་པར་རྒྱབ་པས་ཀུན་གྱིས་མཇལ་ཐུབ་པ་ཞིག་ཆགས་སོ། །དེ་ཡང་གཡུ་ཐོག་ཐུགས་སྲས་སུམ་སྟོན་ཡེ་ཤེས་གཟུངས་ཀྱི་མཆོད་བརྗོད་དུ། ཀུན་ལ་མ་གྲགས་སྙན་རྒྱུད་བྱིན་རླབས་ཅན།། ཚེ་གཅིག་སངས་རྒྱས་སྟེར་བ་བདེ་མྱུར་ལམ།། ཡིད་དཔྱོད་རང་བཟོས་བསྲེ་བའི་སླད་མ་ཞུགས།། བླ་མེད་རྒྱུད་སྡེའི་ངེས་དོན་བླ་སྒྲུབ་འདི།། ཞེས་གསུངས་པ་ལྟར་གྱི་སྙན་རྒྱུད་བླ་མེད་རྒྱུད་ཀྱི་ངེས་དོན་བླ་སྒྲུབ་འདི་ལ་ཐུན་མིན་གྱི་ཆེ་བའམ་ཁྱད་ཆོས་བཅུ་གཉིས་ཙམ་དུ་བསྟན་པར་བྱ་སྟེ།། ༡ བྱིན་རླབས་མྱུར་བ། ༢ སྒྲུབ་སླ་བ། ༣ སྟབས་བདེ་བ། ༤ གནད་ཚང་བ། ༥ སྨན་དང་འབྲེལ་བ། ༦ གོ་རིམ་གསལ་བ། ༧ གྲུབ་མཐའ་རིས་མེད། ༨ རྒྱས་བསྡུས་འཚམས་པ། ༩ དུས་དང་མཐུན་པ། ༡༠ གང་ལ་གང་འདུལ། ༡༡ གཞན་མེད་གདམས་པ། ༡༢ སྟོན་པའི་ཆེ་བ་དང་མཐརགནད་བསྡུས་བཅས་ཅུང་ཙམ་འགྲེལ་བ་གཤམ་གསལ་ལྟར་རོ། །

       ཁྱད་ཆོས་དང་པོ།    བྱིན་རླབས་མྱུར་བ།

      བླ་སྒྲུབ་ཞག་བདུན་ཙམ་གྱིས་ཀྱང་བྱིན་རླབས་འཇུག་པ་ཡིན་ཏེ། སྨན་རྒྱལ་གཡུ་ཐོག་པའི་མགུར་དུ། ལར་རང་ལ་བློ་སྙིང་གཏོད་ནུས་ན།། གསོལ་བ་ཕུར་ཚུགས་འདེབས་ནུས་ན།། ཐེ་ཚོམ་ཡིད་གཉིས་སྤོང་ནུས་ན།། ཚེ་གཅིག་སྐྱབས་གནས་རེ་བ་ན།། དེ་མ་ཐག་ཏུ་སྒྲིབ་གཉིས་སྲབ།། དངོས་ཉམས་རྨི་ལམ་ང་འཕྲད་ནས།། གནས་སྐབས་མཐར་ཐུག་ལམ་མཆོག་སྟོན།། ཞེས་གསུངས་པ་ལས་གསལ་བ་དང་། དེ་བཞིན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་འགྲེལ་བ། བྱིན་བརླབས་བླ་སྒྲུབ་སྡུག་བསྔལ་མུན་སེལ་ཐུགས་རྗེའི་ཉི་འོད་ཕྱི་ནང་གསང་གསུམ་གྱི་ཉམས་སུ་ལེན་པའི་ཟིན་བྲིས་བཀླགས་ཆོག་ཏུ་བཀོད་པ་ཡོན་ཏན་འབྱུང་གནས་སུ་འདི་ལྟར་བསྟན་པ་སྟེ། བླ་མ་གཞན་ལ་མི་ཚེ་རིལ་པོར་གསོལ་བ་བཏབ་པ་བས། ཁོ་བོ་ལ་ལོ་རུ་བཏབ་པ་བསོད་ནམས་ཆེ། གཞན་ལ་ལོ་རུ་བཏབ་པ་ལས་ཁོ་བོ་ལ་ཟླ་བ་རུ་བཏབ་པས་བསོད་ནམས་ཆེ། གཞན་ལ་ཟླ་བར་བཏབ་པ་བས་ཁོ་བོ་ལ་ཞག་དང་ཟ་མ་དང་སྐད་ཅིག་ཐང་ཅིག་ཙམ་བཏབ་པས་བྱིན་རླབས་ཆེས་མྱུར་ཏེ། འདི་མི་བདེན་པར་གདའ་ན་ཁོ་བོ་ངས་སེམས་ཅན་བསླུས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་བདག་གི་མགོ་བོ་ཨར་ཀ་རྫའི་རྡོག་པ་བཞིན་ཚལ་པར་ཁོས་ཤིག གསུངས་པ་ལྟར་སྤྱིར་ཐུགས་བསྐྱེད་སྨོན་ལམ་མཐུས་སྙིགས་དུས་ཀྱི་གདུལ་བྱ་ལ་རྗེ་བཙུན་འདི་ཉིད་ཐུགས་རྗེ་དང་བྱིན་རླབས་ཁྱད་པར་འཕགས་པ་དང་། སྒོས་སུ་བླ་སྒྲུབ་འདི་བྱིན་རླབས་ཤིན་ཏུ་མྱུར་བའང་། དེ་ཉིད་ཀྱི་གསུངས་ལས། སྒྲུབ་པ་དང་འགྲུབ་པ་དུས་མཉམ་གྱི་བྱིན་བརླབས་མེད་ན་སྙིགས་མའི་སྐྱེ་བོ་འདོད་ཐག་ཉེ་ཞིང་སྙིང་རུས་ཆུང་བས་ཉམས་ལེན་ཡུན་བསྲིང་མི་ནུས་ཤིང་། ཁོ་བོའི་སྲོག་སྒྲུབ་འདི་ཉིད་གང་ཟག་དད་ཅན་གྱིས་མ་ཡེངས་པར་ཞག་བདུན་སྒྲུབ་ན། རབ་དངོས། འབྲིང་ཉམས། ཐ་མ་རྨི་ལམ་དུ་བདག་གིས་ཞལ་ལེགས་པར་བསྟན་ནས། གདམས་པ་དང་རྗེས་སུ་འཛིན་པར་བགྱི་བ་དམ་བཅའ་ཡིན་ནོ། ། ཞེས་བདེན་གསུངས་བསླུ་བ་མེད་པའི་སེང་གེའི་སྒྲ་དབྱངས་ཆེན་པོ་བསྒྲགས་པ་ལ་ཐེ་ཚོམ་མེད་པའི་ཡིད་ཆེས་དང་ལྡན་པས་རབ་བསྐྱེད་རྫོགས་ཀྱི་ཉམས་ལེན། འབྲིང་བསྙེན་སྒྲུབ་གྱི་བཟླས་བསྒོམ། ཐ་མའང་འབྲེལ་འཇོག་དང་རྒྱུན་གྱི་རྣལ་འབྱོར་ཙམ་རེ་གཡར་དམ་དུ་འཆའ་བར་བྱས་ན་འབད་རྩོལ་མེད་པར་དོན་གཉིས་ལྷུན་གྱིས་འགྲུབ་པར་འགྱུར་རོ།། ཞེས་བྱིན་བརླབ་ཤིན་ཏུ་མྱུར་བ་གསལ་དུ་བསྟན་པ་དང་། ལོ་རྒྱུས་དགེ་བའི་ལྕགས་ཀྱུ་ལས། གསོ་རིག་རྒྱུད་བཞི་བརྩམས་ཚར་རྒྱབ་རིགས་གསུམ་མགོན་པོའི་ཞལ་གཟིགས་ཤིང་། ཁྱོད་སྐྱེ་འགྲོ་གང་གིས་མཐོང་བ་དང་། ཐོས་པ་དང་། དྲན་པ་དང། རེག་པ་དང་། ཁྱོད་ལ་དད་པ་དང་སྡང་བ་ཐམས་ཅད་བདེ་བ་ནས་བདེ་བར་འགྲོ་བར་འགྱུར་རོ།། ཁྱོད་ཉིད་བདེ་བར་གཤེགས་པ་ཐམས་ཅད་ཀྱི་གདུང་འཚོབ་ཡིན་པའི་ཕྱིར། གང་གི་སྤྱི་བོའི་གཙུག་གམ་སྙིང་གི་དབུས་སུ་སྒོམ་པར་བྱེད་པ་དེ་དག་གི་རྒྱུད་ལ་དེ་མ་ཐག་ཏུ་ཕྱོགས་བཅུའི་སངས་རྒྱས་ཐབས་ཅད་ཀྱི་བྱིན་རླབས་དངོས་སུ་འཇུག་པར་འགྱུར་རོ།། ཞེས་སོགས་རྒྱ་ཆེར་ལུང་བསྟན་པ་ལས་རྗེ་བཙུན་གཡུ་ཐོག་པའི་བྱིན་བརླབ་མྱུར་བ་ནི་བསླུ་བ་མེད་པ་ཞིག་ཏུ་མཐོང་ངོ་།།

        ཁྱད་ཆོས་གཉིས་པ།    སྒྲུབ་སླ་བ།

      སྔོན་འགྲོ་དང་དངོས་གཞི་གཉིས་ཆར་སྒྲུབ་སླ་བར་བསྟན་ཏེ། རྩ་བར་གསུངས་བའི་སྔོན་འགྲོའི་སྒྲུབ་ཐབས་ལ་དུས་བསྙེན་དང་རྟགས་བསྙེན་གཉིས་ལས་དུས་བསྙེན་ནི་ཞག་བདུན་ཅེས་བདུན་ཕྲག་གཅིག་གིས་ཐུན་མིན་སྔོན་འགྲོ་འགྲུབ་པ་དང་། བླ་སྒྲུབ་རྣམས་ཀྱང་ཞག་བདུན་རེས་འགྲུབ་པ་ཡིན་ལ། སྒྲུབ་པ་དང་འགྲུབ་པ་དུས་མཉམ་ཞེས་གཡུ་ཐོག་རང་གིས་གསུངས་པ་དང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་འབྲེལ་འཇོག་ནི་ཐ་ན་སྔོན་འགྲོ་ཞག་བཞི་དང་བླ་སྒྲུབ་ཞག་གསུམ་གྱིས་ཆོག་པར་ཡང་གསུངས་ལ།

       བླ་སྒྲུབ་ལ་ཡང་ཀོང་སྤྲུལ་པས། ཕྱི་སྒྲུབ་བླ་མའི་རྣལ་འབྱོར་གྱི་ཚུལ། ནང་སྒྲུབ་སྨན་བླའི་བསྐྱེད་རྫོགས་ཁ་ཚང་། གསང་སྒྲུབ་རྩ་གསུམ་ཀུན་འདུས་ཀྱི་དཀྱིལ་འཁོར། དྲིལ་སྒྲུབ་ཉམས་ལེན་རྒྱུན་ཁྱེར་རེ་རེ་ནས་རང་རྐང་ཚུགས་པ་ཡིན་པའི་ཕྱིར་རོ།། ཞེས་གསུངས་པ་ལས་བླ་སྒྲུབ་རྣམ་བཞི་ཡང་རང་རྐང་ཚུགས་པར་སྒྲུབ་སླ་བར་བསྟན་ནོ།།

       ཁྱད་ཆོས་གསུམ་པ སྟབས་བདེ་བ།

      རྗེ་གཡུ་ཐོག་པས། སྙིང་རྗེ་ཆེ་ན་གང་བྱས་ཆོས་སུ་འགྲོ།། གསུངས་པ་བཞིན་གཙོ་བོ་བྱམས་སྙིང་རྗེའི་གཞི་བྱས་ན། སྨན་གྱི་ལས་དོན་དང་གཞན་ཕན་གྱི་བྱ་བ་ཅི་ཞིག་སྒྲུབ་ན་ཡང་ཆོས་སུ་འགྲོ་བས། སྙིང་རྗེའི་སྒོས་གཞན་དོན་སྐྱོང་བ་རྒྱུན་ཁྱེར་གྱི་སྔོན་འགྲོ་ཡིན་ལ། དེ་ནི་ང་ཚོའི་འཚོ་བའི་ཁྲོད་དུ་ལག་ལེན་སྟབས་བདེ་ཞིག་ཏུ་ངོས་འཛིན་བྱས་ཆོག སྒྲུབ་ཐབས་གང་རུང་ལ་འདོན་ཆ་དང་གསོལ་འདེབས་སོགས་ཉུང་ལ། སྒྲུབ་སྐོར་གང་ཞིག་ཡིན་ཡང་སྟབས་བདེ་བ་སྟེ། འཕོ་བ་ལ་ཆ་མཚོན་ན་སྔོན་གྱི་བཟླས་པ་དང་། དངོས་གཞི་འཕོ་སྦྱང་དང་ལས་ཚོགས་གཞན་ལ་འཕོ་བ་འདེབས་ཚུལ་བཅས་ཤོག་ལྡེབ་གཅིག་གིས་ཆ་ཚང་བར་བསྟན་པ་བཞིན་དང་། གཏུམ་མོའི་རྩ་རླུང་ལ་འཕྲུལ་འཁོར་བདུན་ལས་ཐོག་མ་གཉིས་རྩ་ནང་རླུང་རོ་སྦྱངས་པ་དང་ལྷག་མ་ལྔ་རྩ་འཁོར་ལྔ་གྲོལ་བྱེད་དུ་ལྔ་ཁོ་ན་གསུངས་པ་སྟབས་བདེ་ལ་གནད་དུ་འཁེལ་བ་དང་། ཕྱག་ཆེན་ཡང་སེམས་གནས་པ། གཡོ་བ། སོར་བཞག་དང་ངོ་བོ་བཅས་ཤིན་ཏུ་བསྡུས་ལ་སྟབས་བདེ་བ་གསུངས་པ་ནི་ངོ་མཚར་བའི་གནས་སུ་མཐོང་ངོ་།།

         ཁྱད་ཆོས་བཞི་བ།  གནད་ཚང་བ།

      གཡུ་ཐོག་སྙིང་ཐིག་གི་པུ་ཏི་གཅིག་གི་ནང་དུ་ཆོས་ཚན་སོ་ལྔ་ཅན་ལ་རྡོ་རྗེ་ཐེག་པའི་ལམ་གྱི་གནད་ཆ་ཚང་བ་བཞུགས་སྟེ། ཉམས་ལེན་སྐོར་ལ་ཐེག་ཆེན་གྱི་རྩ་བ་སྔོན་འགྲོ། བླ་མའི་རྣལ་འབྱོར། བསྐྱེད་རིམ། བསྐྱེད་རྫོགས་ཟུང་འཇུག རྩ་གསུམ་བསྙེན་སྒྲུབ་དང་གེགས་སེལ། རྫོགས་རིམ། རྩ་རླུང་འཕྲུལ་འཁོར་དང། ཐབས་ལམ་ལས་རྒྱ་དང་། ཕྱག་ཆེན་དང་རྫོགས་ཆེན་བཅས་བཞུགས་པ་དང་། ལས་ཚོགས་ལ་སྨན་སྒྲུབ་དང་། བསྲུང་འཁོར། སྦྱིན་བསྲེག ཆོས་སྐྱོང་སྒྲུབ་ཐབས་དང་། རྩ་ཡི་ལྷ་མོ་དང་དྲང་སྲོང་སྒྲུབ་ཐབས་སོགས་པྲ་སྒྲུབ་དང་། སེམས་ཀྱི་གེགས་སེལ་ལམ་རྟགས་དང་ལུས་ཀྱི་གེགས་སེལ་སྨན་གཞུང་སོགས་མདོར་ན་རྡོ་རྗེ་ཐེག་པའི་གནད་འགག་ཆ་ཚང་བར་བསྟན་ནོ།།

        ཁྱད་ཆོས་ལྔ་པ། སྨན་དང་འབྲེལ་བ།

     གེགས་སེལ་ལ། གསང་བ་བདུད་ཀྱི་གེགས་སེལ། ནང་སེམས་ཀྱི་གེགས་སེལ། ཕྱི་ལུས་ཀྱི་གེགས་སེལ་སྐབས་སུ་རླུང་མཁྲིས་བད་གསུམ་གྱི་ནད་རྟགས་དང་བཅོས་ཐབས་སོགས་སྐབས་བཅོ་ལྔ་ཙམ་ཆ་ཚང་གསུངས་པས། བོད་གྱི་སྨན་སྦྱོང་མེད་མཁན་ཞིག་ཡིན་ཡང་ལེའུ་དེས་ཕན་ཐོག་ཤིན་ཏུ་ཆེ་བ་ཡིན་ལ། ཕྱིས་སུ་ཟུར་མཁར་མཉམ་ཉིད་རྡོ་རྗེའི་འབྲེལ་བ་རྒྱ་ཆེར་གནང་བ་པོ་ཏི་རིང་བསྲེལ་ཙམ་ལ་མན་ངག་བྱེ་བ་ཞེས་མན་ངག་བྱེ་བ་རིང་བསྲེལ་དུ་གྲགས་ནི་སྨན་གཞུང་མཆོག་ཏུ་གྱུར་བ་ཞིག་ཡིན་ནོ།།

      ཁྱད་ཆོས་དྲུག་པ། གོ་རིམ་གསལ་བ།

      དང་པོ་སྔོན་འགྲོའི་རྒྱུད་སྦྱངས། དེ་ནས་ཁོང་ཁྲོའི་གཉེན་པོ་བསྐྱེད་པ་མ་ཧ་ཡོ་གའམ་བསྐྱེད་རིམ་གཞུང་། འདོད་ཆགས་གཉེན་པོ་ལུང་ཨ་ནུ་ཡོ་གའམ་རྫོགས་རིམ་གཞུང་དང་གཏི་མུག་གཉེན་པོ་རྫོགས་ཆེན་ཨ་ཏི་ཡོ་ག་བཅས་གོ་རིམ་འཁྲུགས་མེད་གསལ་དུ་གསུངས་སྟེ། ཐོག་མ་རྩ་གསུམ་ཀུན་འདུས་ཀྱི་བླ་སྒྲུབ་ལ་ཕྱི་ནང་གསང་དྲིལ་སྒྲུབ་བཞི། བར་དུ་ལུས་ལྷ་སྐུར་སྦྱོང་པ་རྩ་སྦྱང་བ་བར་རླུང་དང་འཕྲུལ་འཁོར་བདུན་ཅན་གྱི་རྩ་བའི་གཏུམ་མོ། ངག་སྔགས་སུ་སྦྱང་པ་རྡོ་རྗེའི་བཟླས་པ་གཞི་བྱས་ཉིན་མོའི་རྣལ་འབྱོར་དྲག་རླུང་གི་གཏུམ་མོ། སྒྱུ་ལུས། མཚན་གྱི་རྣལ་འབྱོར་རྨི་ལམ་། འོད་གསལ། འཆི་བ་སྦྱོང་བྱེད་ཀྱི་འཕོ་བ་མ་བསྒོམ་སངས་རྒྱས་འཕོ་བ་གྲོང་འཇུག་དང་འབྲེལ་བདང་། བར་དོ་ཆོས་ཉིད་རང་གྲོལ་བཅས་བར་དོ་དྲུག་ཁྲིད་དམ་ན་རོ་ཆོས་དྲུག་གི་གཞུང་དོན་ཚང་བར་གོ་རིམ་བཞིན་དུ་གསུངས་པ་དང་། དེ་ནས་ཡིད་ཐིག་ལེ་སྦྱང་ཚུལ་ལ་འོག་སྒོ་བདེ་ཆེན་ལམ་ལས་རྒྱའི་རྣལ་འབྱོར་དང་སྟེང་སྒོ་རྣམ་གྲོལ་ལམ་ཕྱག་ཆེན་གྱི་སྒོ་ནས་བསྟན་པ་དང་། ཐ་མར་རྫོགས་ཆེན་གྱི་ངོ་སྤྲོད་འཁོར་འདས་རང་གྲོལ་རྒྱས་པར་གསུངས་པ་རྣམས་ཀྱང་། སྨིན་བྱེད་ཀྱི་དབང་། གྲོལ་བྱེད་ཀྱི་ཁྲིད། བསྒོམ་པའི་ཐབས། ཐོན་པའི་ལམ་རྟགས་དང་། བར་ཆད་་གེགས་སེལ་བཅས་གོ་རིམ་གསལ་ཞིང་ཆ་ཚང་ལ་གནད་དུ་འཁེལ་བ་ཁོ་ནར་གསུངས་པའོ།།

   ཁྱད་ཆོས་བདུན་པ གྲུབ་མཐའ་རིས་མེད།

   སྔོན་འགྲོར་ལུས་སྦྱིན་གསུངས་པས་ཞི་གཅོད་ཀྱི་དོན་འདུས་པ་དང་། ན་རོ་ཆོས་དྲུག་བཞིན་དུ་ཆོས་དྲུག་ཆ་ཚང་ཞིང་གོ་རིམ་དང་ལྡན་པར་གསུངས་པ། དེ་བཞིན་དུས་འཁོར་དང་། བདེ་མཆོག་དང་གསང་འདུས་སོགས་རྒྱུད་བླ་མེད་ལུགས་ཀྱི་འོག་སྒོ་བདེ་ཆེན་ལམ་ལས་རྒྱ་བསྟེན་ཐབས་ཆ་ཚང་བ་གསུངས་པ་དང་། ཕྱག་ཆེན་བསྡུས་པ་དང་རྫོགས་ཆེན་ཡང་གསུངས་པས་གྲུབ་མཐའ་གང་ལུགས་གང་གིས་བརྟག་ཡང་ཚད་དང་ལྡན་པ་ཡིན་ནོ། །

    ཁྱད་ཆོས་བརྒྱད་པ། རྒྱས་བསྡུས་འཚམས་པ།

    དབང་དང་། སྒྲུབ་ཐབས་དང་ལས་ཚོགས་བླ་སྒྲུབ་སོགས་ཐབས་དང་ལྡན་པའི་སྒོ་ནས་སྤྲོས་བཅས་སྤྲོད་མེད་ལུགས་སུ་གསུངས་སྟེ། ཁ་བྱང་དུ། བདེ་ཆེན་ཀློང་ཡངས་སྐལ་ལྡན་སྨིན་པར་བྱེད།། བློ་ཆུང་དོན་དབང་མདོར་བསྡུས་དེ་དོན་ཚང་།། ཞེས་པ་ལྟར་སྤྲོས་པ་ཅན་རྣམས་ལ་དབང་རྒྱས་པ་བདེ་ཆེན་ཀློང་ཡངས་དང་། སྤྲོད་མེད་ལུགས་ལ་དོན་དབང་མདོར་བསྡུས་གཏོར་དབང་སྡེབ་གཉིས་ཅན་དུ་བླ་མེད་ལུགས་ཀྱི་དབང་བཞི་དང་། དྲང་སྲོང་ལྷ་མོའི་རྗེས་གནང་དང། ་ཞང་བློན་སྲོག་གཏད་བཅས་ཆ་ཚང་བཞུགས་པས་མཚོན་པ་དང་། བླ་སྒྲུབ་རྣམས་ཀྱང་རྒྱས་བསྡུས་གཉིས་སུ་དབྱེ་ནས་ཕྱི་མ་གསང་བའི་མན་ངག་ལྟར་གསུངས་པ་ནི་ཉམས་ལེན་པའི་དབང་པོ་དང་ཤིན་ཏུ་མཚམས་པ་ཞིག་ཡིན་ཏེ། ཕྱི་སྒྲུབ་ཡིད་བཞིན་ནོར་བུ་ལ་ཕྱིའི་དཀྱིལ་འཁོར་བསྒོམ་སྟངས་བླ་མ་གཡུ་ཐོག་ལྷ་མོ་སྡེ་བཞིས་བསྐོར་བ་ཅུང་རྒྱས་པ་དང། དེ་མ་ལྕོག་ན་བླ་མ་ཐུགས་ཀར་བསྒོམ་ཞིང་ཐུགས་སྔགས་ཐུང་བ་བཟླ་བ་ཤིན་ཏུ་སྟབས་བདེ་བ་དང་། ནང་སྒྲུབ་ནི་སྨན་བླའི་བསྐྱེད་རྫོགས་ཟུང་འཇུག་ཡིན་ཡང་། ནང་སྒྲུབ་གྱི་གདམས་པ་དངོས་གྲུབ་རྫིང་བུ་ནི་བླ་མ་རིགས་ལྔ་རྩ་འཁོར་ལྔར་བསྒོམ་ཞིང་དཔལ་ལྡན་རྒྱུ་བཞིའི་དོན་རྟོགས་པ་ནི་གནད་བསྡུས་ལ། གསང་སྒྲུབ་སྐལ་ལྡན་མྱུར་འདྲེན་གྱི་རྟ་ཕག་དམིགས་པ་སོགས་ཅུང་རྒྱས་ལ་གྲངས་བསྙེན་ནི་འབུམ་བསྙེན་གསུངས་ན་ཡང་། ཞལ་གདམས་མཆོག་གི་བདེ་ལམ་དུ་ཡི་དམ་དང་རྩ་འཁོར་དང་སྔགས་ཡིག་བཅས་ཤིན་ཏུ་བསྡུས་པ་གསུངས་སྟབས། གཡུ་ཐོག་སྙིང་ཐིག་གི་སྒྲུབ་ཐབས་རྣམས་ནི་རྒྱས་བསྡུས་ཤིན་ཏུ་འཚམས་པ་ཞིག་ཏུ་མཐོང་ངོ་།།

      ཁྱད་ཆོས་དགུ་བ། དུས་དང་མཐུན་པ།

     རྗེ་བཙུན་གཡུ་ཐོག་པའི་མ་འོང་མངོན་གཟིགས་ཀྱིས། སྒྲུབ་པ་དང་འགྲུབ་པ་དུས་མཉམ་གྱི་བྱིན་བརླབས་མེད་ན་སྙིགས་མའི་སྐྱེ་བོ་འདོད་ཐག་ཉེ་ཞིང་སྙིང་རུས་ཆུང་བས་ཉམས་ལེན་ཡུན་བསྲིང་མི་ནུས་ཤིང་། ཁོ་བོའི་སྲོག་སྒྲུབ་འདི་ཉིད་གང་ཟག་དད་ཅན་གྱིས་མ་ཡེངས་པར་ཞག་བདུན་སྒྲུབ་ན། རབ་དངོས། འབྲིང་ཉམས། ཐ་མ་རྨི་ལམ་དུ་བདག་གིས་ཞལ་ལེགས་པར་བསྟན་ནས། གདམས་པ་དང་རྗེས་སུ་འཛིན་པར་བགྱི་བ་དམ་བཅའ་ཡིན་ནོ། ཞེས་གསུངས་པ་ནི་རྡོ་རྗེའི་ཐ་ཚིག་ཡིན་ལ། ཆོས་དྲུག་གི་ཉམས་ལེན་ཕལ་ཆེ་བ་ཡང་ཞག་བདུན་གྱི་མཚམས་ཡིན་པས། བྲེལ་འཚུབ་ཧ་ཅང་ཆེ་བའི་དེང་དུས་ཀྱི་མིའི་སེམས་ཁམས་དང་མཐུན་ལ། ལས་ཚེགས་ཆེ་བའི་སྨན་པ་རྣམས་ཀྱིས་ཀྱང་ཉམས་སུ་ལེན་ཐུབ་པ་ཞིག་ཡིན་ནོ།།

       ཁྱད་ཆོས་བཅུ་བ། གང་ལ་གང་འདུལ།

       སྨན་པ་རྣམས་ལ་མཁོ་བའི་སྨན་གཞུང་དང་། སྨན་སྒྲུབ་དང་སྨན་མཆོད། སྔགས་པ་རྣམས་ལ་མཁོ་བའི་ལས་ཚོགས་དང་། བསྐང་གསོ་དང་བསྲུང་འཁོར། རྩིས་པ་དང་མོ་བར་དགོས་པའི་པྲ་སྒྲུབ། རྣལ་འབྱོར་བ་ལ་དགོས་པའི་རྩ་རླུང་འཕྲུལ་འཁོར། འདོད་ཆགས་ཅན་ལ་མཁོ་བའི་བདེ་ཆེན་ཆགས་ལམ། ཚུལ་ཁྲིམས་ཅན་ལ་དགོས་པའི་ཕྱག་ཆེན་རྣམ་གྲོལ་ལམ། རྫོགས་ཆེན་པ་ལ་མེད་ཐབས་མེད་པའི་རྫོགས་ཆེན་ངོ་སྤྲོད། ནད་པ་ལ་དགོས་པའི་ཚེ་སྒྲུབ། མཐུ་ཆེན་རྣམས་ལ་མེད་དུ་མི་རུང་བའི་མནམ་བསྲེགས་འཕངས་གསུམ། བསྟན་པ་སྐྱོང་པར་ངེས་པར་དགོས་པའི་ཚད་ལྡན་བསྟན་བསྲུང་དྲག་སྔགས། ཚང་མར་དགོས་པའི་སྨན་སྒྲུབ་དང་ལས་བཞིའི་སྦྱིན་བསྲེགས། གྲུབ་མཐའ་གང་རུང་གི་གསང་སྔགས་ཉམས་ལེན་མཁན་རྣམས་ལ་འབྲེལ་འཇོག་གི་བླ་སྒྲུབ་སོགས་གང་ལ་གང་སྟོན་གྱི་ལམ་མཆོག་ཤིན་ཏུ་རྩ་ཆེན་པོ་ཡིན་པ་རྣམ་དཔྱོད་ཅན་གྱིས་རྟོགས་ཐུབ་པ་ཡིན་ནོ།།

      ཁྱད་ཆོས་བཅུ་གཅིག་པ། གཞན་མེད་གདམས་པ།

     དེ་ཡང་གཡུ་ཐོག་སྙིང་ཐིག་གཞུང་དུ་བསྟན་པའི་སྨན་པ་དང་མོ་རྩིས་ལ་མཁོ་བའི་རྩ་པྲ་སྒྲུབ་ཐབས་ནི་གཞན་ནས་མཇལ་དཀའ་བའི་སྒྲུབ་ཐབས་ཡིན་ལ། བླ་མ་ནང་སྒྲུབ་གྱི་ཞལ་གདམས་དངོས་གྲུབ་རྗིང་བུ་ལ་དཔལ་ལྡན་རྒྱུད་བཞི་བསྒོམ་སྟོབས་རྟོགས་ཐུབ་པའི་གདམས་པ་གནང་བ་ཡང་ཤིན་ཏུ་ངོ་མཚར་བའི་གནས་སུ་མཐོང་། གཞན་ཡང་སུམ་སྟོན་ཆེན་པོས། ཀུན་ལ་མ་གྲགས་སྙན་རྒྱུད་བྱིན་རླབས་ཅན།། ཚེ་གཅིག་སངས་རྒྱས་སྟེར་བ་བདེ་མྱུར་ལམ།། ཞེས་གསུངས་པ་ལྟར། གཡུ་ཐོག་སྙིང་ཐིག་གཞུང་འདི་ལ་ཞིབ་མཇལ་བྱས་ན་གཞན་གྱིས་གསལ་དུ་མ་གསུངས་པའི་བསྒོམ་པའི་གནད་དུ་མ་མཇལ་ཐུབ་སྟེ། དཔེར་ན་ལུས་ལྷ་སྐུར་བསྒྱུར་བྱེད་རྩ་སྦྱོང་བའི་སྐབས་སུ་གཏུམ་མོའི་ཉམས་མྱོང་ཐོན་རྗེས་སུ། ངག་རླུང་སྔགས་སུ་བསྒྱུར་བར་མུན་ཁང་དུ་རྡོར་བཟླས་ཞག་བདུན་བྱ་གསུངས་པ་ནི་ཐུན་མིན་གྱི་མུན་མཚམས་སྙན་རྒྱུད་ཡིན་ལ། བླ་སྒྲུབ་དང་རྫོགས་རིམ་གྱི་ལམ་རྟགས་སུ་བདེ་གསལ་མི་རྟོག་པའི་ཉམས་དང་རྫོགས་རིམ་གྱི་རྟགས་བཅུ་དང་། ཁྱད་པར་འོད་ཀྱི་ཐིག་ལེ་མངོན་སུམ་དུ་འཁོར་བ་ཤིན་ཏུ་གསལ་བ་ཞིག་གསུངས་པ་གཞན་དང་མ་འདྲ་བ་ཡིན་པ་ཞིག་དང་། ཐབས་ལམ་འོག་སྒོ་བདེ་ཆེན་སྐབས་སུ་རླུང་ལ་གོམས་པ་དང་མ་གོམས་པའི་རྣལ་འབྱོར་བ་ཞེས་རིགས་གཉིས་སུ་ཕྱེ་བའི་ཕྱི་མ་རླུང་ལ་མ་གོམས་པ་རྣམས་ལ་ཐབས་ལམ་བསྟན་པ་ནི་གཞན་དུ་མ་གསུངས་པའི་གདམས་པ་ཁྱད་པར་ཅན་་ཡིན་ལ། འོག་སྒོ་བདེ་ཆེན་ལམ་ལས་རྒྱ་བསྟེན་ནས་འཇའ་ལུས་འགྲུབ་པའང་གསུངས་ཁྱད་པར་ཅན་དུ་མཐོང་ངོ་།།

     ཁྱད་ཆོས་བཅུ་གཉིས་པ།  སྟོན་པའི་ཆེ་བ།

    སྙན་རྒྱུད་རྣམ་ཐར་ལྟར་ན། གཡུ་ཐོག་སྙིང་ཐིག་ནི་ཐོག་མར་སངས་རྒྱས་སྨན་བླས་དག་ཞིང་ལྟ་ན་སྡུག་ཏུ་གསུངས་པ་དང་། བར་དུ་ཨོ་རྒྱན་ཡུལ་དུ་སློབ་དཔོན་པད་མ་འབྱུང་གནས་ཀྱིས་ཨོ་རྒྱན་ཡུལ་དུ་གསུངས་པ་གཡུ་ཐོག་རྙིང་མས་ཞུས་པ་དང་། ཐ་མར་ཡེ་ཤེས་མཁའ་འགྲོ་མ་དཔལ་ལྡན་ཕྲེང་བས་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་ལ་གསུངས་པས་ཟབ་མོ་དག་སྣང་གི་ཆོས་སྐོར་དུ་གྲགས་པ་དང་། གཡུ་ཐོག་གསར་མས་སྙིང་རྗེ་ཆེན་པོའི་སྒོ་ནས་གསོ་རིག་གཙོ་བོ་བསྟན་པ་ཡང་ལོ་རྒྱུས་སུ་འདི་ལྟར་འབྱུང་སྟེ། རྣམ་པ་གཅིག་ཏུ་ན་དུག་གསུམ་འབྱུང་བ་ལྔ་ལས་གྲུབ་པའི་མི་ལུས་རིན་པོ་ཆེ་འདི་ནད་བཞི་བརྒྱ་རྩ་བཞིས་གདུངས་པ་སེལ་བ་ལ་གསོ་བ་རིག་པའི་སྨན་དཔྱད་ཁོ་ན་གལ་ཆེ་བར་གོ དེའི་ཕྱིར་སེམས་བསྐྱེད་རྣམ་པར་དག་པས་ཀུན་ནས་བསླངས་ནས་གསོ་དཔྱད་ཁོ་ན་གཙོར་སྟོན། ཆོས་རྣམས་གཞན་རྣམས་ཀྱང་གཙོ་བོར་མ་བསྟན་པས།ཞེས་པ་ལས་སེམས་བསྐྱེད་རྒྱ་ཆེ་ལ་རྣམ་པར་དག་པའི་ཕྱག་རྗེས་སུ་འགྲོ་བ་ནད་པའི་དོན་གཙོ་ཆེར་བསྐྱངས་པ་ནི་བྱང་སེམས་མཆོག་ལ་མངའ་བརྙེས་པ་ཤེས་ཐུབ་ལ།ཟབ་ལམ་འདི་ལས་གཡུ་ཐོག་རྙིང་མ་ཚེའི་རིག་འཛིན་གྲུབ་ནས་དགོངས་ལོ་བརྒྱ་དང་ཉེར་ལྔ་བཞུགས་ནས་ཡུམ་དང་ཁྱིམ་གཞིས་བཅས་འཇའ་ལུས་འཕོ་ཆེན་གྲུབ་པ་དང་། གཡུ་ཐོག་གསར་མའང་དུས་རབས་བཅུ་གཉིས་པའི་ནང་འཁོར་མང་པོའི་མདུན་དུ་འཇའ་ལུས་འཕོ་བ་ཆེན་པོ་གེགས་མེད་དུ་ཕེབས་པས་གཡུ་ཐོག་སྙིང་ཐིག་བླ་རྒྱུད་ཀྱི་ཆེ་བ་ཡིན་པ་གདོན་མི་ཟའོ།།དོན་ཐམས་ཅད་གནད་དུ་བསྡུས་ན། བླ་སྒྲུབ་གྱི་ཁ་བྱང་ལས་གོང་བསྟན་གྱི་ཐུན་མིན་ཁྱད་ཆོས་ཕལ་ཆེ་ཤེས་རྟོགས་འབྱུང་སྟེ། གཡུ་ཐོག་སྙིང་ཐིག་བྱིན་རླབས་བླ་སྒྲུབ་ལས་ཁ་བྱང་བཞུགས་སོ།།

རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།