མཛོད་དགེ་རྫོང་གིས་ཡུལ་གྲོང་ལྗོངས་སྐོར་དང་གསར་སྐྲུན་གྱི་སྦྱོང་བརྡར་སྤེལ།

རྩོམ་པ་པོ།   དུས་ཚོད།   2017-11-06   རྩོམ་ཁུངས།    རྔ་བའི་གསར་འགྱུར།

      ཉེ་ཆར། མཛོད་དགེ་རྫོང་གིས་ཡུལ་གྲོང་ལྗོངས་སྐོར་དང་གསར་སྐྲུན་སྦྱོང་བརྡར་དེ་གདོང་སྣེ་ཡུལ་ཚོ་ནས་སྤེལ། ཐེངས་དེའི་སྦྱོང་བརྡར་བྱེད་སྒོ་ལས་རོང་འབྲོག་མང་ཚོགས་ཀྱི་ངལ་རྩོལ་ལས་ཞུགས་ཀྱི་རྩལ་ནུས་ཆུ་ཚད་མཐོར་འདེགས་དང་། ངལ་རྩོལ་ལས་ཞུགས་ཀྱི་ཐབས་ལམ་རྒྱ་བསྐྱེད། ཡོང་འཕར་ནུས་པ་མཐོར་འདེགས་བྱེད་པ་སོགས་གཙོར་བྱས། སི་ཁྲོན་ཐན་ཧྥུའུ་སན་ཚན་ལས་རིགས་སྦྱོང་བརྡར་སློབ་གྲྭའི་དགེ་རྒན་གདན་དྲངས་ནས་གདོང་སྣེ་ཡུལ་ཚོ་ན་ལྗོངས་སྐོར་ལས་རིགས་དང་། བཟའ་བཏུང་ལས་རིགས་སོགས་འཕེལ་རྒྱས་གཏོང་འདོད་ཡོད་པའི་མང་ཚོགས30ལ་ཉིན་9རིང་སྦྱོང་བརྡར་བྱས།

      ཐེངས་དེའི་སྦྱོང་བརྡར་བྱེད་སྐབས། སློབ་ཁྲིད་བྱེད་པའི་དགེ་རྒན་གྱིས་ཡུལ་ཚོ་དེའི་སྦྱོང་བརྡར་ལ་ཞུགས་པའི་མི་སྣའི་གནས་ཚུལ་དངོས་ལ་དམིགས་ནས་གོ་བདེ་ཞིང་ཤེས་སླ་བའི་སྐད་ཆ་དང་། གནས་ཡུལ་དངོས་ནས་བཀོལ་སྤྱོད་བྱེད་སྟངས་ཀྱིས་ཡུལ་གྲོང་ལྗོངས་སྐོར་ཞབས་འདེགས་པ་ལལས་རིགས་ཀུན་སྤྱོད་དང་།  ལས་རྐང་རེ་བ།   སྤྲོ་གསེང་ཞིང་ལས། ཡུལ་གྲོང་ལྗོངས་སྐོར་ཞབས་འདེགས་ཀྱི་གུས་ལུགས་རྒྱུན་ཤེས་དང་། གཡོས་སྦྱོར་གཞི་རྩའི་ལག་རྩལ། འཕྲོད་བསྟེན་གཙང་སྦྲའི་རྒྱུན་ཤེས་སོགས་ཕྱོགས་འགའི་ཐད་ནས་ཕྱོགས་ཡོངས་ནས་སྦྱོང་བརྡར་བྱས། སྦྱོང་བརྡར་ལ་ཞུགས་པའི་མང་ཚོགས་ལ་ཡུལ་གྲོང་ལྗོངས་སྐོར་ལ་རྣམ་པ་གསར་རྐྱང་གི་ངོས་འཛིན་ཞིག་ཐོབ་ནས། ཕྱིན་ཆད་ཀྱི་ཐོན་ལས་གསུམ་པ་གཉེར་བ་དང་། ཡུལ་གྲོང་ལྗོངས་སྐོར་འཕེལ་རྒྱས་གཏོང་བ་དང་། ཡོང་འཕར་ཕྱུག་འགྱུར་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།