གཞན་ཕན་དང་རྒྱུན་འཛིན་གྱི་ལས་ལ་བརྩོན་པའི་འཚོ་བྱེད་གཞོན་ནུ།

རྩོམ་པ་པོ།   མགོན་པོ་བཀྲ་ཤིས། དུས་ཚོད།   2017-10-31   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          སྒྲིག་པ་པོའི་གཏམ།

       རྔ་བ་ཁུལ་བོད་ལུགས་སྨན་རྩིས་ཁང་དང་བོད་སྨན་ཞིབ་འཇུག་ཁང་ནི་མདོ་སྨད་ཀྱི་རོང་ཆེན་བཞིའི་ཡ་གྱལ་ཤར་རྒྱལ་མོ་ཚ་བ་རོང་གི་འབར་ཁམས་གྲོང་ཁྱེར་དུ་ཆགས་ཤིང་། སྤྱི་ལོ1991ལོ་གསར་དུ་བསྐྲུན་པ་དང་སྤྱིའི་རྒྱ་ཁྱོན་སྨི་གྲུ་བཞི་མ15625ཡོད་པ་དང་ཚན་ཁག26ལྷག་དང་སྨན་པ102ལྷག་ཡོད།   མེས་པོ་གོང་མའི་ཕྱག་རྗེས་གཞིར་བཟུང་ཞིང་དེང་གི་སྒྲིག་ཆས་རྣམ་གཞག་ཆ་ཚང་སྤྱད་དེ།  རིན་ཆེན་མང་སྦྱོར་སོགས་སྨན་སྣ200ལྷག་ཐོན་སྐྱེད་བྱས།     དེའི་ཁྲོད་སྨན་སྣ178སི་ཁྲོན་ཞིང་ཆེན་བཟའ་ཆས་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ནས་བཟོ་སྐྲུན་ཆོག་པའི་སྨན་རྫས་སུ་བདམས།   སྨན་སྦྱོར་ཚང་མའི་སྨན་རྒྱུ་ལེགས་ཤིང་སྲོལ་རྒྱུན་འདུལ་སྦྱོང་གི་ལག་ལེན་ཚུལ་བཞིན་དུ་བསྐྱངས་ནས།    ལོ་གཅིག་ལ་སྨན་རྒྱ་མ་ཉིས་ཁྲི་ལྷག་ཐོན་སྐྱེད་བྱས་ཏེ།   སྐྱེ་དགུ་ཐམས་ཅད་ནད་ལས་གྲོལ་བའི་རྣམ་དཀར་དགེ་བའི་ལས་ལ་ཉིན་མཚན་དབྱེར་མེད་དུ་སོ་མང་ཆུ་བོའི་རྒྱུན་དང་འགྲོགས་ནས་ཤ་ཐང་ཐང་གིས་འབད་བཞིན་ཡོད།

བོད་ཀྱི་གསོ་རིག་གི་ལོ་རྒྱུས་གནད་བསྡུས།

       བོད་ཀྱི་གསོ་བ་རིག་པར་ལོ་ངོ་སྟོང་ཕྲག་གཉིས་ལྷག་གི་ལོ་རྒྱུས་ལྡན་ཞིང་ནང་དོན་ཕུན་སུམ་ཚོགས་པ།  གཞུང་ལུགས་ཆ་ཚང་བ།  ཡུལ་དུས་དང་མཐུན་ཞིང་ཐུན་མིན་གྱི་ཁྱད་ཆོས་བླ་ལྷག་མངའ་བས་འཛམ་གླིང་གསོ་བ་རིག་པའི་བང་མཛོད་ཁྲོད་ཀྱི་རིན་ཐང་གཞལ་དུ་མེད་པའི་བེེཌཱུརྱ་སྔོན་པོ་ཞིག་ཡིན་ནོ། །

        རྡོ་ཆས་རྙིང་མའི་དུས་མཇུག་ཏུ་གནའ་མིས་རྩྭ་རིགས་ཀྱིས་བཤལ་ནད་དང་དུག་ནད་སོགས་བཅོས་པའི་རིག་པ་རྙེད། གཉའ་ཁྲི་བཙན་པོའི་དུས་སུ་སྨན་ཞེས་པའི་ཐ་སྙད་ཐོག་མར་བྱུང་བར་བཤད།   སྟོན་པ་གཤེན་རབ་མི་བོ་ཆེའི་དུས་ཀྱི་གཡུང་དྲུང་བོན་གྱི་གསོ་རིག་གཞུང་ལུགས་སུ་གཏར་བསྲེག་བྱུགས་གསུམ་གཙོར་གྱུར་བའི་གསོ་རིག་གི་དཔྱད་ཐབས་ལག་ཏུ་བསྟར་བ་མང་བོ་ཡོད། ལྷ་ཐོ་ཐོ་རི་གཉན་བཙན་དུས་སུ་རྒྱ་གར་གྱི་གསོ་རིག་གཞུང་ལུགས་བོད་དུ་དར་བར་བཤད།   གནམ་རི་སྲོང་བཙན་དུས་སུ་བོད་ཕྲུག་མང་བོ་ཐང་རྒྱལ་དུ་བཏང་སྟེ་སྨན་རྩིས་གཉིས་ཀར་སློབ་སྦྱོང་བྱས་ནས་གསོ་རིག་དང་ནག་རྩིས་སྐོར་བོད་དུ་དར་བར་གྲགས།    དེ་ནས་གཡུ་ཐོག་རྙིང་མ་ཡོན་མགོན་གྱིས་དཔལ་ལྡན་རྒྱུད་བཞི་གཏེར་ལས་བཏོན་པ་སོགས་བོད་ཀྱི་གསོ་རིག་འཕེལ་བར་མཛད་རྗེས་ཆེན་པོ་བཞག   བསྟན་པ་ཕྱི་དར་དུས་སུ་ལོ་ཆེན་རིན་ཆེན་བཟང་བོ་དང་ཇོ་བོ་རྗེ།   གཡུ་ཐོག་གསར་མ་ཡོན་མགོན་སོགས་དང་དེ་དག་གི་སློབ་མ་རྣམས་ཀྱིས་གསོ་རིག་གོང་འཕེལ་བཏང་ནས་གསོ་རིག་གི་བསྟན་པ་དབྱར་མཚོ་ལྟར་རྒྱས།  རྒྱལ་དབང་ལྔ་བའི་སྐབས་སུ་གསོ་བ་རིག་པའི་དཔེ་རྒྱུན་དཀོན་པ་མང་བོ་ཁྱབ་གདལ་གཏོང་ཆེད་དགའ་ལྡན་ཕོ་བྲང་གི་དཔར་ཁང་དང་རྩེ་ཕོ་བྲང་ལྟག་སྒོ་རྒྱབ་ཀྱི་དཔར་ཁང་གསར་དུ་བཙུགས་ཤིང་།   དེ་བཞིན་གསོ་རིག་གི་དཔེ་ཆ་མང་བོ་ཤིང་དཔར་བརྐོས་པ་སོགས་ཀྱིས་མཚོན་གསོ་རིག་མི་ཉམས་གོང་འཕེལ་བཏང་།    བོད་ཞི་བའི་བཅིངས་འགྲོལ་བཏང་རྗེས་ཀྲུང་དབྱང་སྲིད་གཞུང་གིས་བོད་ཀྱི་གསོ་རིག་གོང་དུ་འཕེལ་བར་དངོས་ཤུགས་རྒྱུ་གསུམ་ནས་རོགས་སྐྱོར་ཆེན་པོ་བྱས་དང་བྱེད་ཀྱིན་ཡོད་དོ། །

ཕྱི་བཀོད་མཛེས་པ་ནང་བཅུད་བདེ་བའི་རྒྱན།

        རྔ་བ་ཁུལ་བོད་ལུགས་སྨན་རྩིས་ཁང་དང་བོད་སྨན་ཞིབ་འཇུག་ཁང་ནི་སྨན་བཅོས་དང་ཞིབ་འཇུག བཟོ་སྐྲུན།  སློབ་ཁྲིད།  ནད་གསོ་བཅས་ཡན་ལག་ཆེན་པོ་ལྔས་གྲུབ་ཅིང་།  མི་རིགས་སྨན་ཁང་ལས་རིམ་པ་གཉིས་པའི་སྨན་ཁང་གི་ཁོངས་སུ་གཏོགས།  སྤྱི་ལོ2016ལོར།  རྔ་བ་ཁུལ་བོད་ལུགས་སྨན་རྩིས་ཁང་དང་བོད་སྨན་ཞིབ་འཇུག་ཁང་ལ།  རྔ་བ་ཁུལ་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ཚོགས་པའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་གོ་གནས་བསྩལ།  དེ་ནས་སྔ་གཞུག་ཏུ་ཨ་རི་དང་ཧྥ་རན་སེ་སོགས་རྒྱལ་ཁབ་ཀྱི་ཤེས་ཡོན་པ་སུམ་ཅུ་ལྷག་རྔ་ཁུལ་དུ་ཡོང་ནས།  སྨན་ཁང་གི་ལོ་རྒྱུས་དང་སྨན་ཐང་སོགས་ལ་རྒྱུས་ལོན་ཟབ་མོར་བྱས།

        རྔ་བ་ཁུལ་བོད་ལུགས་སྨན་རྩིས་ཁང་དུ་སྨན་པ་གྲགས་ཅན་གྱི་ལས་སྒྲུབ་ཁང་དང་ཆེད་མཁས་སྨན་པའི་ལས་སྒྲུབ་ཁང་སོགས་ཚན་ཁག18ཡོད།  དེ་ལས་ཕོ་ནད་ཚན་ཁག་དང་དཔྱད་བཅོས་ཚན་ཁག་བཅས་ནི་རྒྱལ་ཁབ་རིམ་པའི་གཙོ་གནད་ཚན་ཁག་ཡིན་ལ།   བོད་སྨན་ལུམས་བཅོས་ལྟེ་གནས་དང་།  རྒན་གསོ་ཚན་ཁག་ནི་ཞིང་ཆེན་རིམ་པའི་གཙོ་གནད་ཚན་ཁག་ཡིན།     འོད་བརྟག་ཁང་དང་རྫས་བཤེར་ཚན་ཁག་སོགས་གཞོགས་འདེགས་ཚན་ཁག8བཅས་ཁྱོན་ཚན་ཁག26ལྷག་ཡོད།    ད་ལྟ་ཁུལ་བོད་སྨན་ཁང་གི་སྤྱིའི་རྒྱ་ཁྱོན་སྨི་གྲུ་བཞི་མ15625ཡོད།   སྤྱི་ལོ2012ལོའི་ཟླ11པར།  སྔར་ཡོད་ཀྱི་ཐོག་ཁང་དྲུག་གི་བདག་ཉིད་ཅན་གྱི་སྨན་ཁང་བཤིགས་ནས་བསྐྱར་སྐྲུན་བྱེད་མགོ་བརྩམས།   སྤྱི་ལོ2016ལོའི་ལོ་མཇུག་ཏུ་ཐོག་ཁང་དགུའི་བདག་ཉིད་ཅན་གྱི་རྔ་བ་ཁུལ་བོད་ལུགས་སྨན་རྩིས་ཁང་དང་བོད་སྨན་ཞིབ་འཇུག་ཁང་ལེགས་པར་གྲུབ།

        སྤྱི་ལོ1998ལོའི་ཟླ3པར།    བོད་སྨན་བཟོ་སྐྲུན་ལྟེ་གནས་གསར་དུ་བསྐྲུན།  སྤྱི་ལོ2005ལོའི་ཟླ6པར།  གནས་གཞི་སྤོས་ཤིང་གཞི་རྒྱ་ཆེར་བཏང་ནས་རྒྱལ་ཁབ་ཀྱི《སྨན་བཅོས་ལས་ཁུངས་ཀྱི་བཟོ་སྐྲུན་དོ་དམ》གྱི་ཚད་རྟགས(GPP)ལྟར་གསར་དུ་བསྐྲུན།  དེ་ནི་རྒྱལ་ཡོངས་ཀྱི་བོད་སྨན་བཟོ་སྐྲུན་གྱི་དེང་རབས་སྒྲིག་ཆས་རྣམ་གཞག་ཆ་ཚང་བཀོལ་བའི་བཟོ་སྐྲུན་ཁང་ཨང་དང་བོ་ཡིན་པར་བཤད།

         སྤྱི་ལོ1987ལོར།   རྔ་བ་ཁུལ་མི་དམངས་སྨན་ཁང་གི་བོད་སྨན་སྡེ་ཁག་གིས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀུམ་བཀྱེས་འཁོར་བཅས་ཆེད་དུ་གདན་དྲངས་ནས།   འབར་ཁམས་གྲོང་རྡལ་དུ་བོད་སྨན་སྒོ་བསྟེན་ཁང་ཞིག་བསྐྲུན་རྒྱུའི་རེ་བ་བཏོན།   རིམ་གྱིས་ཁུལ་སྲིད་གཞུང་གིས་རྒྱབ་སྐྱོར་བྱས་ནས་བོད་སྨན་སྒོ་བསྟེན་ཁང་བསྐྲུན་རྒྱུའི་མཐེབ་ལ་སྒོར་ཁྲི་བརྒྱད་ཅུར་བཏང་།

        དེ་ནས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་གིས་ཞལ་ཏ་གནང་བ་ལྟར།  བོད་སྨན་སྒོ་བསྟེན་ཁང་བསྐྲུན་རྒྱུའི་འཆར་གཞི་དེ་ཁུལ་བོད་སྨན་ཁང་ཞིག་བསྐྲུན་རྒྱུའི་ཕྱོགས་སུ་བསྒྱུར།   རྔ་ཁུལ་གྱི་དམག་དཔོན་ཨ་སྤང་དང་ཁུལ་དམངས་འཐུས་ཀྱི་ཀྲུའུ་རེན་ཚེ་གཟུངས།   ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བསྟན་འཛིན་དང་ལྷ་རྗེ་བསྟན་ཁོ་སྨན་པ་ཤེར་བསྟན་སོགས་ཀྱིས།  ཁུལ་དཔོན་ཚེ་དཔག་སྐྱབས་སོགས་འགོ་ཁྲིད་དུ་མར་རྔ་བ་ཁུལ་བོད་སྨན་ཁང་བསྐྲུན་པའི་སྐོར་གྱི་སྙན་ཞུ་ཕུལ།    སྤྱི་ལོ1988ལོར།  རྔ་བ་ཁུལ་བོད་སྨན་ཁང་བསྐྲུན་པའི་གྲོས་ཐག་བཅད།

        སྤྱི་ལོ1991ལོར།  རྔ་བ་ཁུལ་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས་སོ་ལྔར་ཆོག་མཆན་གནང་བ་བརྒྱུད།   ཁུལ་བོད་སྨན་ཁང་དང་བོད་སྨན་ཞིབ་འཇུག་ཁང་དངོས་སུ་དབུ་བརྙེས།   སྨན་པ་དཔལ་བཟང་རྒྱ་མཚོས།    ཁུལ་བོད་སྨན་ཁང་སྐྲུན་པའི་སྐབས་དེར།  རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་དང་ཞིང་ཆེན་ཀྲུང་ལུགས་གསོ་རིག་དོ་དམ་ཅུས།  ཁུལ་ཨུ་དང་ཁུལ་སྲིད་གཞུང་སོགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་ཁུལ་བོད་སྨན་ཁང་གི་གཞི་ཁྱོན་རགས་ཙམ་གྲུབ།  ཅེས་གསུངས།

        སླད་མར།   རྔ་བ་ཁུལ་བོད་ལུགས་སྨན་རྩིས་ཁང་དང་བོད་སྨན་ཞིབ་འཇུག་ཁང་འདི་ཉིད་ཁུལ་ཡོངས་ཀྱི་སྨན་བཅོས་དང་།   སློབ་གསོ།   བོད་སྨན་ཞིབ་འཇུག་དང་རིམས་འགོག་ནད་བཅོས་བྱ་ཡུལ་གྱི་ལྟེ་གནས་སུ་འགྱུར་ཐུབ་པར་མ་ཟད།    འགྲོ་བ་མིའི་རིགས་ཀྱི་ཚེ་སྲོག་གི་དཔུང་གཉེན་དུ་འགྱུར་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད་དོ། །

སློབ་སྦྱོང་སྔོན་འགྲོ་མ་ལྟར་སྐྱེད་པ་ནི་ལེགས་ཚོགས་ཀུན་གྱི་རྩ་བ་ཡིན།

        རྔ་བ་ཁུལ་བོད་ལུགས་སྨན་རྩིས་ཁང་དང་བོད་སྨན་ཞིབ་འཇུག་ཁང་དུ།  ཡོངས་ཀྱི་དགེ་བའི་བཤེས་གཉེན་ཨ་ཁུ་བསྟན་ཁོ་ཚང་དང་།  སྐལ་ཁོ།   རྡོ་རྗེ་སྒྲོལ་མ་སོགས་རབ་འབྱམས་པ་བརྒྱད་ཡོད་པ་དང་། རབ་འབྱམས་པ་གཞོན་པ་བཅུ་གཉིས་དང་འབུམ་རམས་པ་བཅོ་བརྒྱད་ཡོད། སི་ཁྲོན་ཞིང་ཆེན་ཀྲུང(བོད)སྨན་པ་གྲགས་ཅན་བཅུའི་ཡ་གྱལ་གཅིག་དང་སི་ཁྲོན་ཞིང་ཆེན་གྱི་བོད་སྨན་པ་གྲགས་ཅན་གསུམ་ཡོད།   རྔ་བ་ཁུལ་གྱི་བོད་སྨན་པ་གྲགས་ཅན་གསུམ་དང་ཞིང་ཆེན་གྱི་ཕུལ་བྱུང་གཞོན་དར་བོད་སྨན་པ་གཅིག་དང་།  དངོས་གཞིའི་བསླབ་གནས་ཡོད་པ་བཞི་བཅུ་ལྷག་བཅས་ཡོད།

        ད་ལྟ་སྨན་པ་གཉིས་ཀྱིས་གསོ་རིག་རབ་འབྱམས་ལ་རྒྱུགས་འཕྲོད་ནས་གསོ་རིག་སྐོར་ལ་སློབ་གཉེར་བྱེད་བཞིན་ཡོད།

        ལྷ་སའི་སྨན་རྩིས་ཁང་དང་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དུ་ལོ་རེ་བཞིན་སྨན་པ་བདུན་ནས་བརྒྱད་རེས་མོས་ཀྱིས་ཟླ་ཁ་ཤས་སམ་ལོ་གཅིག་ལ་བོད་སྨན་སློབ་སྦྱོང་བྱེད་དུ་འགྲོ་བཞིན་ཡོད་པ་དང་།   གཞན་དུ་ན།  སི་ཁྲོན་ཞིང་ཆེན་ཀྲུང་ལུགས་སྨན་ཁང་དུ་སྨན་པ་གཉིས་ལྷག་དུས་ངེས་མེད་དུ་ཟླ་ཁ་ཤས་སམ་ལོ་གཅིག་ལྷག་ལ་བོད་སྨན་དང་རྒྱ་སྨན་སོགས་ལ་སློབ་སྦྱོང་བྱེད་དུ་འགྲོ་བཞིན་ཡོད།   ཉིན་ཁ་ཤས་རིང་གསོ་སྦྱོང་དུ་འགྲོ་བ་མང་བོ་ཡོད་པར་བཤད།

        སྨན་ཁང་རང་གིས་རྩ་འཛུགས་བྱེད་པའི་དུས་ཐུང་འཛིན་གྲྭ་སྟེ།   སྟབས་བདེ་ལག་རྩལ་ཟབ་སྦྱོང་འཛིན་གྲྭ་ཞེས་པ་ལོ་གཅིག་ལ་ཐེངས་གཉིས་ལྷག་འཚོགས་བཞིན་ཡོད་ཅིང་།   ཟབ་སྦྱོང་ལ་ཞུགས་མཁན་རྫོང་དང་ཡུལ་ཚོ།  སྒེར།  དགོན་སྡེ་སོ་སོའི་སྨན་པ་གྲྭ་ཚང་སོགས་ཀྱི་སྨན་པ་ཡིན།   ཚོགས་ཡུན་ཉིན་བདུན་ཡིན་པ་དང་ཚོགས་ཐེངས་རེར་སྨན་པ150ལྷག་ཞུགས་པར་བཤད།  སྨན་པ་ལྷ་མོ་སྐྱབས་ཀྱིས།   སྨན་པ་ཉམས་མྱོང་ཅན་གྱི་སྣེ་ཁྲིད་འོག་མཐོང་བ་བརྒྱུད་པའི་ལག་ལེན་གཙོ་བོ་ཡིན་པ་ལས་གཞུང་ལུགས་སློབ་སྦྱོང་བྱེད་རྒྱུ་གཙོ་བོ་མིན་ལ།   བེད་སྤྱོད་ཡོད་པའི་སྐོར་ཁོ་ན་ལག་ལེན་བྱེད་བཞིན་ཡོད།  ཅེས་བཤད།

        སྨན་པ་གཞུང་སྒེར་གཉིས་ཀྱིས་ད་བར་དུ་གསོ་རིག་སྐོར་གྱི་དཔེ་ཆ་ཉི་ཤུ་ལྷག་དང་སྨན་ཁང་རང་གིས་རྩོམ་སྒྲིག་བྱེད་པའི་ལོ་དེབ་ཏེ།   《རྔ་ཁུལ་བོད་ཀྱི་གསོ་རིག་》དེབ་གྲངས་བཅུ་བཀྲམ་ཟིན།  གཞན་དུ་ན།  ལོ་རེ་དཔྱད་རྩོམ་ལྔ་བཅུ་ལྷག་《ཀྲུང་གོ་བོད་ཀྱི་གསོ་རིག》དང《བོད་སྨན་སློབ་གསོ་དང་ཞིབ་འཇུག》།《གངས་ལྗོངས་བོད་ཀྱི་གསོ་རིག》སོགས་ཞིང་ཆེན་རིམ་པའི་དུས་དེབ་ཏུ་བཀོད་དང་འགོད་བཞིན་ཡོད།    གསོ་རིག་སྐོར་གྱི་དུས་དེབ་ཀྱི་སྡིངས་ཆ་འདིས་སྨན་པ་རྣམས་ཀྱི་གསོ་རིག་ཞིབ་འཇུག་གི་འབྲས་བུ་དང་འཇོན་ཐང་སོགས་སྐྱེད་སྲིང་བྱེད་པར་རྔོ་ཆེན་པོ་ཐོགས་བཞིན་ཡོད་དོ། 

སྡེབ་སྦྱོར་གཙང་བ་ཕན་ནུས་འབྱུང་བའི་རྒྱུ།

        རྔ་བ་ཁུལ་བོད་ལུགས་སྨན་རྩིས་ཁང་གི་བོད་སྨན་སྡེབ་སྦྱོར་ཚན་ཁག་གིས།   བཀའ་དྲིན་མཚུངས་མེད་ཀྱི་ལྷ་རྗེ་བསྟན་འཛིན་དོན་གྲུབ་སྟེ་ཡོངས་གྲགས་སུ་ཨ་ཁུ་བསྟན་ཁོ་ཚང་གི་མཁྱེན་རབ་བདུད་རྩིར་བརྟེན་ནས།   གཅེས་པའི་ཡན་ལག་བདུན་ལྡན་དང་དངུལ་ཆུ་བཙོ་བཀྲུ་ཆེན་མོ།  ལྕགས་བརྒྱད་ཁམས་བརྒྱད་ཀྱི་ཐལ་བཟོའི་ལག་ལེན།  མུ་ཏིག་བདུན་ཅུ་དང་རིན་ཆེན་མང་སྦྱོར་སོགས་དམར་ཁྲིད་ཐེངས་མང་གནང་བའི་མཐོང་བ་བརྒྱུད་པའི་མན་ངག་ལྟར་སྨན་སྣ་ཉིས་བརྒྱ་ལྷག་སྡེབ་སྦྱོར་བྱས་དང་བྱེད་ཀྱིན་གདའ།

        དེ་ཡང་སྨན་སྦྱོར་མང་ཆེ་བར་སྔོན་ལྡུམ་གྱི་སྨན་རིགས་མེད་དུ་མི་རུང་ཞིང་།  སྡེབ་སྦྱོར་ཀུན་གྱི་རྩ་བ་ལྟ་བུར་ངེས་ཏེ།   དྭགས་པོ་ཚང་གིས།  བཟང་སྨན་བརྒྱ་གྲངས་བརྒྱ་འཛོམས་ཡང་།  །སྔོ་ལྡུམ་མེད་ན་སྦྱར་ཐབས་དཀའ།  །སྦྱར་ཡང་ཕན་པའི་ཡོན་ཏན་ཆུང་།  །ཞེས་གསུངས།   དེ་ལྟ་བས་ན།   སྔོ་སྨན་འཐུ་སྒྲུབ་ཀྱི་ལས་དོན་ནི་ཤིན་ཏུ་གལ་ཆེ་བས་སྐྱེ་སར་སྐྱེས་པ་དང་།  དུས་སུ་བཏུ་བ།  དུག་འདོན་པ།  སྐམ་སྲེད་ལེགས་པ།  སོ་མ་རྙིང་བ།   འཇམ་བཙལ་བ།  འཕྲོད་པར་སྦྱར་བ་སྟེ་གཅེས་པའི་ཡན་ལག་བདུན་ལྡན་གྱི་མན་ངག་ལྟར་འཐུ་སྒྲུབ་དགོས་པ་ཧ་ཅང་གནད་ཆེ།

        སྲོག་ཆགས་དང་གཏེར་རྫས་སྐྱེ་དངོས་སོགས་སྨན་རྒོད་ཕལ་ཆེ་བར་དུག་ཡོད་པས་ངེས་པར་དུ་ལྕགས་བརྒྱད་ཀྱི་ལག་ལེན་དང་།   མཐོང་བ་བརྒྱུད་པའི་ལག་ལེན།  བཙོ་སྲེག་སོགས་ལ་བརྟེན་ནས་འདུལ་སྦྱོང་བྱ་དགོས། དྲོད་སྨན་ཐམས་ཅད་ཆར་བ་རླུང་སོགས་མ་ཕོག་པར་ཉི་མ་སྐམ་པ་དང་།  བསིལ་སྨན་སོགས་ལག་པས་ཕུར་མཉེད་སོགས་བྱས་ནས་སྔོ་ཁུ་ཕྱིར་གདོན་དགོས།   སྲོག་ཆགས་དང་གཏེར་རྫས་ཀྱི་སྨན་རྒོད་སོགས་བཀྲུ་བ་དང་བཙོ་སྲེག་སོགས་བྱས་ནས་དུག་ཕྱིར་གདོན་དགོས།  སྨན་པ་སྐལ་ཁོ་ཚང་གིས།  གཡའ་དུག་ཡོད་པའི་སྨན་རྒོད་ར་དང་གླ་བ་གང་རུང་གི་ཐང་ཁུག་མཉེད་ལྡན་གྱི་ནང་དུ་སྙོམས་པར་བཏིངས་ནས་དངུལ་ཆུ་བླུགས། དེ་ནས་ཁ་དམ་པོར་བསྡམས་ཏེ་ཉིན་ཕྱེད་རིང་ཕུར་མཉེད་བྱས་ཏེ་དངུལ་ཆུ་ལོག་སུ་བླངས་ནས་ཆུ་གཙང་དྲོ་འཇམ་གྱིས་བཀྲུ་བཤའ་ཡང་ཡང་བྱས་རྗེས་གཟོད་གཡའ་ཕྱིས་པ་ཡིན།  མཚན་མོར་དངུལ་ཆུ་བླུགས་ནས་སྟན་དང་ཁེབས་ཀྱིས་དྲོ་སར་བསྙལ་དགོས།  ཞེས་གསུངས།     འདུལ་སྦྱོང་ནི་སྨན་རྒོད་སྨན་དུ་འགྱུར་བའི་ཐབས་དམ་པ་ཡིན་པས་ངེས་པར་དུ་ལག་ལེན་གཙང་མ་ཡིན་དགོས།

        འཐུ་སྒྲུབ་དང་འདུལ་སྦྱོང་དུས་ལྟར་ལག་ལེན་བྱས་ཀྱང་བདག་གཉེར་གནད་དུ་འཐིང་བ་ཞིག་མ་བྱས་ན།  ནད་ལས་གྲོལ་བར་ཕར་ཞོག་ནད་མང་སྐྱེད་པའི་རྒྱུ་ཁོ་ནར་འགྱུར་བ་གོར་མ་ཆག  དེ་བས།   བོད་སྨན་སྡེབ་སྦྱོར་ཚན་ཁག་གིས་སྲོལ་རྒྱུན་དང་དེང་གི་བཟོ་སྐྲུན་གྱི་ཚད་རྟགས(GPP)ལྟར་བདག་གཉེར་ཚུལ་དང་མཐུན་པར་བྱེད་ཀྱིན་ཡོད།  བོང་ང་ནག་པོ་དང་དངུལ་ཆུ།  ཀོ་བྱི་ལ་སོགས་དུག་ཤས་ཆེ་བའི་སྨན་གཞན་དང་མི་འདྲ་བར་བདག་གཉེར་ཡག་པོར་བྱ་དགོས་ཏེ།  སྨན་པ་ཚེ་ཁོ་ཚང་གིས།   ཀོ་བྱི་ལ་སོགས་དུག་འདུལ་མ་བྱས་པའི་སྔོན་དུ་ཁང་མིག་ཏུ་ཉར་ཚགས་བྱས་ནས་ཟྭ་གཉིས་རྒྱག་དགོས།  ལྡེ་མིག་བདག་གཉེར་བ་གཉིས་ཀྱིས་འཛིན་དགོས།  སྡེབ་སྦྱོར་ལ་མཁོ་སྐབས་ཆེད་བསྐོས་བདག་གཉེར་བ་གཉིས་ཀྱིས་བོང་ང་ནག་པོ་ལྟ་བུ་ཕྱིར་བླངས་རྗེས་སྨན་པས་དུག་འདུལ་ཚད་ལྡན་བྱ་དགོས་ཤིང་།  དེ་ནས་འདུལ་སྦྱོང་ཚར་རྗེས་དུག་ཕྲལ་སྨན་ཆེན་ཞེས་སྨན་དུ་སྡེབ་རུང་བ་ཡིན།  ཞེས་གསུངས།   སྨན་རྫས་སྡེབ་སྦྱོར་གྱི་བདག་གཉེར་ཚགས་དམ་ཞིང་གོ་རིམ་ཡོད་པ་ཞིག་ཡིན་པ་ལས་གང་འདོད་འདོད་ཀྱིས་སྨན་མཛོད་ཁང་དུ་འཛུལ་བ་དང་དུས་ངེས་མེད་དུ་སྨན་སྡེབ་པ་ནི་སྡེབ་སྦྱོར་ཉམས་པའི་རྒྱུ་ཁོ་ན་ཡིན།

        སྨན་སྣ་སོ་སོའི་ངོ་བོ་མི་འདྲ་བས་རགས་རྡུང་འཕྲུལ་འཁོར་དང་ཞིབ་རྡུང་འཕྲུལ་འཁོར་གྱིས་བརྡུང་དགོས།   མཐར་སྡེབ་ཀའི་ནང་གི་སྨན་ཕྱེ་མཉམ་དུ་བསྲེས་ནས་འཕྲུལ་འཁོར་ནང་བླུགས་ནས་ལེགས་པར་དཀྲུགས་དགོས།   དེ་ནས་སྨན་ཕྱེ་རྣམས་ཨང་གྲངས180ཅན་གྱི་ཚགས་ལ་བཙག་དགོས།    དེ་ནས་སྨན་ཕྱེ་རྣམས་རིལ་བུ་ཆེ་ཆུང་དུ་བསྒྲིལ་ནས་ཉི་སྐམ་དང་བསིལ་སྐམ་བྱ་དགོས་པ་དང་།  འཕྲུལ་སྐམ་བྱེད་དུས་དྲོད་ཚད(80℃)ལས་བརྒལ་མི་རུང་།

        མཇུག་མཐར་སྨན་ཕྱེ་དང་རིལ་བུ་རྣམས་གཙང་ཞིང་དྲི་མི་མངའ་བའི་ཤེལ་དམ་དང་འགྱིག་དམ།  འགྱིག་ཤོག་སོགས་སུ་བླུག་དགོས།    གོས་ཐུམ་ནང་བཅུག་ཚེ་ངེས་པར་དུ་ཁ་དོག་སྣ་ལྔས་རྒྱན་པའི་དར་སྐུད་ཀྱིས་ཁ་དམ་པོར་བསྡམ་དགོས། དེ་ནས་སྨན་རྫས་ཡོད་དོ་ཅོག་དཀར་གཙང་བསིལ་བའི་སྨན་སྒམ་དང་སྨན་སྒྲོན་སོགས་སུ་ཉར་ཚགས་བྱ་དགོས་སོ།།

རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།