དུས་སྟོན་སྣ་མང་གིས་སྤུར་གྱིན་པའི་ཁྲོ་ཆུ།

རྩོམ་པ་པོ།   མགོན་པོ་ཚེ་བརྟན།དུས་ཚོད།   2017-10-23རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

       སི་ཁྲོན་ཞིང་ཆེན་ནགས་ལས་ཐིང་དང་རྔ་བ་ཁུལ་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་མཛད་ཅིང་། ཁྲོ་ཆུ་རྫོང་དང་ཏ་ཁོག་འཁྱག་རིའི་དོ་དམ་ཅུས་ཀྱིས་རོགས་སྒྲུབ་གནང་བའི་2017ལོའི་སི་ཁྲོན་གྱི་ཤིང་ལོ་དམར་པོའི་སྐྱེ་ཁམས་ཡུལ་སྐོར་དུས་ཆེན་དང་ཁྲོ་ཆུ་རྫོང་གི་སྐབས་ལྔ་བའི་འཁྱགས་རི་དང་ཚོན་མདངས་ནགས་ཚལ་སྐྱེ་ཁམས་རིག་གནས་ལྗོངས་སྐོར་དུས་ཚིགས་ཀྱི་འགོ་འཛིན་མཛད་སྒོ་དེ་དེ་རིང་སྔ་དྲོར་ཁྲོ་ཆུ་རྫོང་དུ་དངོས་སུ་སྤེལ་མགོ་བརྩམས། 

      ཐེངས་འདིའི་དུས་སྟོན་ལ་སི་ཁྲོན་ཞིང་ཆེན་ནགས་ལས་ཐིང་སོགས་ཞིང་ཆེན་རིམ་པའི་སྡེ་ཁག་དང་། རྔ་བ་ཁུལ་གྱི་སྡེ་ཁག་སོ་སོ་ནས་ཡོང་བའི་མགོ་ཁྲིད་དང་།  དེ་མིན་ཞིན་ཧྭ་གསར་འགྱུར་ཁང་དང་མི་དམངས་དྲ་བ་སོགས་སྨྱན་སྦྱོར་ལས་ཁུངས་60ལྷག་གི་གསར་འགོད་པ་བརྒྱ་ལྷག་འབྱོར་ཡོད་པར་མ་ཟད། རྒྱལ་ནང་གི་ལྗོངས་སྐོར་ཀུང་སི་30ལྷག་ཐེངས་འདིའི་དུས་སྟོན་དུ་ཞུགས་ཡོད་པ་རེད།  

      ཁྲོ་ཆུ་རྫོང་ནི་སི་ཁྲོན་ཞིང་ཆེན་གྱི་ནུབ་བྱང་གི་མཚམས་དང་། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་དབུས་ཁུལ་དུ་ཆགས་ཡོད་ལ། དེའི་གནམ་གཤིས་ནི་མཐོ་སྒང་གི་གནམ་གཤིས་ཁོངས་སུ་གཏོགས་ཤིང་། མཚོ་ངོས་ལས་མཐོ་ཚད་མི་འདྲ་བའི་དབང་གིས་སྐྱེ་ཁམས་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། ནགས་ཚལ་ཁེབས་ཚད་ཀྱི་རྒྱ་ཁྱོན་ཧ་ཅང་ཆེ། ཁྲོ་ཆུའི་སྟོན་ཁ་ནི་ཁ་དོག་སྣ་ལྔ་ལྡན་པའི་འཇིག་རྟེན་ཞིག་སྟེ། ནགས་ཚལ་ཡོད་ཚད་དམར་སེར་སྔོ་ལྗང་གིས་ཡོངས་སུ་བརྒྱན་པས། དེ་ནི་རི་མོ་མཁན་གྱིས་བློ་རྩལ་ལས་འཁྲུངས་བའི་སྣུམ་ཚོན་གྱི་རི་མོ་དང་ཡོངས་སུ་མཚུངས་པས། གནས་འདིར་དམིགས་ཏེ་ཕེབས་པའི་སྐུ་མགྲོན་རྣམས་ཀྱིས་བསྟོད་པའི་མཐེ་བོང་བསྒྲེངས། 

      ད་ལོའི་ལོ་སྟོད་ནས་ད་བར་དུ་ཁྲོ་ཆུ་རྫོང་གིས་ལྗོངས་སྐོར་བ་མི་ཐེངས་ཁྲི་96ཡན་ལ་སྣེ་ལེན་བྱས་ཡོད་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་8.3ལ་ཟིན་ཡོད་པ་རེད།   གཞན་ཐེངས་འདིའི་མགོ་འཛིན་མཛད་སྒོའི་སྟེང་དུ་ཞིང་ཆེན་ནགས་ལས་ཐིང་གིས་ཁྲོ་ཆུ་རྫོང་གི་ས་སྟོད་ཡུལ་ཚོ་ལ་སི་ཁྲོན་ཞིང་ཆེན་གྱི་ནགས་ལས་གྲོང་སྡེ་ཆུང་ཆུང་ཞེས་པའི་སྒོ་བྱང་བཀལ་བ་མ་ཟད། ལྗང་མདོག་འཕེལ་རྒྱས་ཀྱི་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ།   

རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།