ཁྱེད་ཉིད་གནས་ས།:མདུན་ངོས། > རྔ་ལྗོངས།  > མི་སྣ།

ཞིང་ཁམས་ཀུན་ཁྱབ་ཀྱི་སུ་མ་ཏིའི་བོད་སྤོས།

--- སུ་མ་ཏི་བོད་ཀྱི་རིག་གནས་ཁྱབ་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱི་གཉེར་དཔལ་རྒྱས་ལ་བཅར་འདྲི་བྱས།

རྩོམ་པ་པོ།      དུས་ཚོད།  2016-08-17 15:23:44     རྩོམ་ཁུངས།  རྔ་བའི་གསར་འགྱུར་དྲ་བ།

图.jpg

        རྔ་བའི་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པ་ཀོ་དོ་མཁན་པོ་དང་མགོན་པོ་ཚེ་བརྟན། དེ་ཡང་སྐབས་སུ་བབ་པའི་གཏམ་ནི་གསར་འགོད་པས་སི་མ་ཏི་བོད་ཀྱི་རིག་གནས་ཁྱབ་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་གསར་གཏོད་མཁན་དང་སྤྱི་གཉེར་དཔལ་རྒྱས་ལ་སུ་མ་ཏིའི་བོད་སྤོས་སྡེབ་སྦྱོར་དང་བཟོ་སྐྲུན་བྱེད་སྐོར་ལ་བཅར་འདྲི་བྱས་པ་ཡིན། བོད་སྤོས་ནི་དུས་རབས་བརྒྱད་པ་བོད་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་སློབ་དཔོན་ཐོན་མི་སམ་བྷོ་ཊས་ལྷ་སའི་བསམ་ཡས་དགོན་པ་ནས་ཐོག་མར་གསར་གཏོད་བྱས་ནས་ད་ལྟའི་བར་དུ་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད། སྐབས་དེར་བྱང་ཆུབ་ཤིང་དང་ལྷ་ཤིང་ཤུག་པ་སོགས་ཀྱི་རྒྱུ་ཆ་བྱས་ནས་བོད་སྤོས་སྡེབ་སྦྱོར་དང་བཟོ་སྐྲུན་བྱེད་སྲོལ་དར་ཡོད། གསོ་རིགས་རྒྱུད་བཞི་སོགས་སུ་བོད་སྤོས་ཀྱི་སྡེབ་ཁ་དང་ཐོན་སྐྱེད་བྱེད་ཐབས། བེད་སྤྱོད་བྱེད་སྟངས་སོགས་གསལ་བོ་བཀོད་ཡོད་པ་རེད།

图0.jpg

        ཕོ་ལོ་སུམ་ཅུ་སོ་གཅིག་ལོན་པའི་དཔལ་རྒྱས་ནི་༡༩༨༥ལོར་ཤར་རྒྱལ་མོ་ཚ་བ་རོང་གི་ཁོངས་གཏོགས་འབར་ཁམས་གྲོང་ཁྱེར་གྱི་ཚོ་བདུན་ཡུལ་ཚོར་སྐྱེས་ལ། ཆུང་དུས་ནས་བོད་ཀྱི་གསོ་རིག་ལ་བྱང་ཆུབ་པའི་མཁས་པའི་དབང་བོ། རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཁང་གི་སློབ་དཔོན་ཆེན་མོ་བློ་བཟང་བསྟན་འཛིན་ཚང་དང་དགེ་བའི་བཤེས་གཉེན་འཇམ་ཁོ་སོགས་ཀྱི་སྐུ་མདུན་ནས་བོད་ཀྱི་གསོ་བ་རིག་པ་གཙོ་བོར་བྱས་ནས་བོད་ཀྱི་རིག་གནས་སློབ་སྦྱོང་བྱས། ༢༠༠༡ལོ་ནས་བཟུང་སློབ་དཔོན་ཆེན་མོ་བློ་བཟང་བསྟན་འཛིན་ཚང་གི་ཐུགས་བཀོད་ལྟར་སུ་མ་ཏིའི་བོད་སྤོས་ཀྱི་སྡེབ་ཁ་དང་བཟོ་སྐྲུན་བྱེད་ཐབས་སྐོར་ལ་སློབ་སྦྱོང་དང་གསར་གཏོད་བྱས་ནས་ད་ལྟའི་བར་དུ་འབད་བརྩོན་ལྷོད་མེད་བྱེད་ཀྱིན་ཡོད། 

  

图7.JPG

        དཔལ་རྒྱས་ཀྱིས་གསར་འགོད་པར་ངོ་སྤྲོད་བྱས་པ་ལྟར་ན། སུ་མ་ཏི་ཞེས་པ་ནི་ལེགས་སྦྱར་གྱི་སྐད་ཡིན་པས་བོད་སྐད་དུ་བློ་བཟང་བསྟན་འཛིན་ཟེར་བ་ཡིན། སུ་མ་ཏིའི་བོད་སྤོས་ནི་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཀྱི་སྙིང་བོ་རྣམས་གཞི་གཅིག་ཏུ་བསྡུས་ཏེ། ཨ་གར་དང་ན་གི། ཤུག་པ། སྤང་སྤོས། བཟང་དྲུག ལི་ཤི། སུག་སྨེལ། གུར་གུམ། ཀ་ཀོ་ལ་སོགས་སྨན་རྩྭ་རིགས་མི་འདྲ་བ་མང་བོ་ཡོད་ལ། སྤོས་རིགས་མི་འདྲ་བར་སྡེབ་ཁ་ཡང་རིགས་མི་འདྲ་བ་མང་བོ་ཡོད། སྡེབ་ཁ་རིགས་མི་གཅིག་པར་སྨན་རྩྭ་ཡང་རིགས་མི་འདྲ་མང་པོ་ཡོད་དེ། ཉུང་ན་སྨན་རྩྭ་རིགས་དྲུག་དང་མང་ན་རིགས་སུམ་ཅུ་ལྷག་ཡོད། དེ་མིན་བཟོ་རིག་པའི་ལག་ལེན་ལྟར་ཤུག་པ་ཆུ་བརྡར་དང། སྨན་སྣ་བརྡུང་བ་སོགས་ཡོད། སྲོལ་རྒྱུན་གྱི་རྒྱུད་མ་ཉམས་པར་ཕུན་སུམ་ཚོགས་པའི་ལག་རྩལ་ལས་གྲུབ་པའི་སྤོས་སྦྱོར་འདི་ཉིད་ཀྱི་དྲི་བཟང་བདུགས་ན། བསོད་ནམས་གསོག་པའི་ཞིང་སྤྱི་དང་། བྱེ་བྲག་ཡུལ་ཁམས་དང་གནས་ཁང་སོགས་སུ་རྒྱུན་འབུལ་ཞུས་ཚེ་མཆོག་གསུམ་མཆོད་པའི་བསོད་ནམས་དང་ལྷ་སྲུང་མཉེས་ཤིང་གདོན་བགེགས་སྐྲོད་པ། ཆམ་པ་དང་ཡམས་རིམས་འགོག་ཅིང་གྲིབ་དང་གནོད་པ་སྲུང་བ། བློ་དང་དབང་བོ་གསལ་བ། ཁམས་དྭངས་ཤིང་བདེ་བ་འཕེལ་བ། དྲི་བསུང་གིས་ཁོར་ཡུག་ཁྱབ་ཅིང་ཡིད་དབང་འཕྲོག་པ། སྤྲོ་དགའ་རྒྱས་ཤིང་འདོད་ཡོན་གྱི་མཆོག་ཏུ་འགྱུར་བ་ལ་སོགས་པའི་ཁྱད་ཆོས་དང་ཕན་ཡོན་ཕུན་སུམ་ཚོགས་པ་ཡོད་ལ། 

图5.JPG

        སུ་མ་ཏིའི་བོད་སྤོས་ཀྱི་སྡེབ་སྦྱོར་ལ་ཐོག་མར་རི་མགོར་སོང་ནས་སྨན་རྩྭ་བཏུས་ཏེ་ཐོག་མར་སྨན་རྩྭ་རྣམས་བསིལ་སྐམ་བྱེད་པ་དང་། དེ་ནས་སྨན་རྫས་རྒྱ་མ་འཇལ་ནས་སྡེབ་སྦྱོར་བྱེད་པ། དེའི་འཕྲོར་ཤུག་པ་ཆུ་བརྡར་དང་སྨན་རྩྭ་རྡུང་བ། སྤོས་ཕྱེ་བརྫི་བ། ལིམ་རྒྱག་པ། བདུག་སྤོས་དངོས་སུ་བཟོ་སྐྲུན་བྱས་ནས་བསིལ་སྐམ་བྱེད་པ། ཐུམ་རྒྱག་པ། མཐར་མནོལ་བསང་འདོན་པ་དང་རབ་གནས་བྱེད་པ་སོགས་གོ་རིམ་མང་ཞིང་སྲོལ་རྒྱུན་གྱི་བོད་སྤོས་བཟོ་སྟངས་ཕུན་སུམ་ཚོགས་པ་འདི་ལས་སུ་མ་ཏིའི་བོད་སྤོས་གྲུབ་བོ།། 

图10.JPG

        མིག་སྔའི་བར་དུ་སུ་མ་ཏིའི་བོད་སྤོས་ལ་ཞིང་ཁམས་ཀུན་ཁྱབ་དང་ཀོ་ལ་བདུན་པ་སོགས་རིགས་མི་འདྲ་བ་སྣ་ཁ་ལྔ་དྲུག་ཙམ་ཡོད་པ་རེད། དེ་མིན་དཔལ་རྒྱས་ཀྱིས་གསར་འགོད་པ་ཚོ་བདུན་ཡུལ་ཚོའི་ཆུ་མཆིག་ལུང་བར་ཁྲིད་ནས་ཤུག་པ་ཆུ་བརྡར་དང་སྨན་རྩྭ་ཆུ་རྡུང་བའི་སྐོར། བོད་སྤོས་ནི་བོད་ཀྱི་གསོ་བ་རིག་པའི་ཡན་ལག་འཁྲུལ་མེད་ཡིན་པའི་སྐོར། གཞན་སི་མ་ཏི་བོད་ཀྱི་རིག་གནས་ཁྱབ་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་ད་ལྟའི་གནས་བབ་དང་མ་འོངས་པའི་འཆར་གཞི་སོགས་ཀྱི་སྐོར་ལ་ཁ་གསལ་དོན་འདུས་ཀྱི་ཁ་བརྡ་མང་པོ་བྱས་སོ།།

图133.JPG


图1.JPG


图11.JPG

                                               རྩོམ་སྒྲིག་པ། མགོན་པོ་ཚེ་བརྟན། 

པར་དབང་ནི་རྔ་བའི་གསར་འགྱུར་དྲ་བར་དབང་བས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག

ཐོ་བདག་དབང་ཁྲོན་ ICP ཐོ་ཨང་ 11000567

འབྲེལ་གཏུག་ཁ་པར། 0837-2836568     ཡིག་སྒམ། abazwqmt@163.com

ལག་རྩལ་སྡེ་ཁག སི་ཁྲོན་ཧྲེན་ཀྲུའུ་ཡ་ཡུན་ཚན་རྩལ་ཚད་ཡོད་ཀུང་སི།